ཉག་རོང་རྫོང་སྲིད་གྲོས་ཀྱིས་སྤྱི་ཚོགས་བརྟན་བརླིང་དང་དམངས་འཚོར་ལེགས་སྐྱེས་ཕུལ།

ཡེ་ཤེས་ལྷ་མོ།        2017-05-22

2017ལོའི་ཟླ་བ་དང་པོ་ནས5པའི་བར་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨོ་རྒྱན་རྒྱལ་མཚན་ལགས་ཀྱིས་དམངས་ཁྲོད་ཀྱི་རྩོད་གླེང་དང་གྱོད་གཞི30ལྷག་ཙམ་བར་འདུམ་བྱས་ཏེ། རྫོང་དེའི་སྤྱི་ཚོགས་བརྟན་བརླིང་དང་དམངས་འཚོར་བྱས་རྗེས་ཆེན་པོ་བཞག་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉག་རོང་གི་སྤྱི་ཚོགས་བདེ་འཇགས་ཡིན་དགོས་ན་ཐོག་མ་མང་ཚོགས་བདེ་དགོས་པ་དང་དམངས་ཁྲོད་ཀྱི་རྩོད་གཞི་སེལ་ཐུབ་ན་གཞི་ནས་མང་ཚོགས་བདེ་ཞེས་པ་ལྟར། དུས་རྒྱུན་དུ་རྫོང་སྲིད་གྲོས་ཀྱིས་གྱོད་གཞི་འདུམ་གྲོས་བྱེད་མཁན་མི་སྣ10ཡས་མས་ལ་སྣེ་ལེན་བྱེད་བཞིན་ཡོད།  ཁྱད་པར་དུ་ཉག་རོང་རྫོང་སྲིད་གྲོས་ཀྱི་ཆོས་ལུགས་ལས་རིགས་ཀྱི་ཀྲུའུ་ཞི་གཞོན་པ་སྤྲུལ་སྐུ་ཨོ་རྒྱན་རྒྱལ་མཚན་ལགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རྒྱ་ཆེ་བའི་མང་ཚོགས་ཁོ་ནའི་དོན་དུ་ཉིན་མཚན་དབྱེར་མེད་དུ་དམངས་དོན་ཁོ་ནར་འབད་འབུངས་བྱེད་བཞིན་ཡོད་ཅིང་། ཕན་སེམས་དང་གཅེས་སེམས་བརྟན་ཞིང་འགྱུར་བ་སྤུ་ཙམ་མེད།  ཁོང་གིས་རྫོང་སྤྱི་བདེ་ཅུས་དང་ལས་གྲོགས་དང་མཉམ་དུ་གྲོང་སྡེ་ནང་ཐག་གཅོད་བྱེད་ཐུབ་མེད་པའི་དམངས་ཁྲོད་ཀྱི་རྩོད་གཞི་རྙིང་གྲས་ཏེ་དཔེར་ན་ཡུལ་ཚོ་དང་ཡུལ་ཚོའི་བར་གྱི་ས་རྩོད་ཆུ་རྩོད།  དགོན་པ་དང་མང་ཚོགས་བར་གྱི་རྩོད་གཞི།   བཟའ་ཚང་བར་གྱི་རྩོད་གཞི་སོགས་འདུས་ཤིང་གྱོད་གཞི་ཐག་གཅོད་བྱས་ཚུལ་དྲང་བདེན་ཡིན་ཞིང་འདུམ་འགྲིག་བྱུང་ཚད་བརྒྱ་ཆ་བརྒྱ་ལ་ཟིན་པས་རྒྱ་ཆེ་བའི་མང་ཚོགས་ཀྱིས་དགའ་བསུ་བྱས་པ་རེད།   ལོ་འགོ་ནས་ད་བར་ཉག་རོང་རྫོང་ཡོངས་ཀྱི་མང་ཚོགས་དུད་ཁ100ལྷག་དང་མི་གྲངས1000ལྷག་ཙམ་གྱི་རྩོད་གླེང་འདུམ་འགྲིག་བྱས་ནས་ཉག་རོང་གི་མང་ཚོགས་ལ་ཞི་བདེ་དང་བརྟན་བརླིང་ཅན་གྱི་སྤྱི་ཚོགས་ཁོར་ཡུག་ཞིག་བསྐྲུན་པ་རེད། ཉག་རོང་རྫོང་སྲིད་གྲོས་ཀྱིས་ཆོས་ལུགས་འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྫོང་ཡོངས་ཀྱི་སྤྱི་ཚོགས་བརྟན་བརླིང་འཆམ་མཐུན་དང་ཡུན་རིང་བདེ་འགོད་ཡོང་བར་ལེགས་སྐྱེས་ཆེན་པོ་ཕུལ་བ་རེད།།  

  • ལེ་ཚན་སྔོན་མ།:ས་ཆུ་བཅོས་སྐྱོང་བྱས་ནས་སྡེ་དགེ་རྫོང་དབུལ་ཐར་གྱི་ལམ་དུ་སྐྱོད།
  • ལེ་ཚན་རྗེས་མ།:གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༤༽
  • དོ་སྣང་ཆེ་བའི་རྩོམ།