དཀར་མཛེས་རྫོང་གིས་ཞིང་སྡེ་སྡོད་ཁང་ཉམས་གསོ་སྲ་བརྟན་ཐད་ཐབས་ལམ་གསར་པ་འབྱེད།

ཡེ་ཤེས་ཕན་བདེས་བྲིས།        2020-03-31

དཀར་མཛེས་རྫོང་གིས་ཞིང་སྡེ་སྡོད་ཁང་ཉམས་གསོ་སྲ་བརྟན་ཐད་ཐབས་ལམ་གསར་པ་འབྱེད།

ཉམས་གསོ་མ་བྱེད་པའི་སྔོན་གྱི་ཁང་པ།


ཁང་པ་འདི་ལས་ནས་ལོ་མང་པོ་འགྲོ་ཚར་ལེ་རེད། ཁང་པའི་ཀ་བ་དང་གདུང་མ་སོགས་ཡང་རུལ་གྲབས་འདུག  ས་གདན་ཡང་མར་ནུབ་ནས་གྱང་ལ་སྐྱོན་ཕོག་ཚར་སོང་། དེ་ནས་རྒྱལ་ཁབ་ནོར་བུ་འདྲ་བའི་བཀའ་དྲིན་ལས་ཁང་ཞབས་ལ་ལྕགས་བརྒྱབ་ནས་སྲ་མོ་ལས་ཐལ། སེམས་ཁྲལ་མེད་པ་རེད་ཐལ་ཞེས་པ་ནི་ཧོར་ཁོག་ནང་གི་མི་སེར་ལྷ་མོ་བསམ་འགྲུབ་ཀྱིས་བཤད་པའི་སྐད་ཆ་ཞིག་རེད།

དཔྱིད་ཀྱི་བསིལ་རླུང་ལྡང་བ་དང་མཉམ་དུ་དཀར་མཛེས་རྫོང་སྲིབ་ངོ་ཡུལ་ཤོག་ཧོར་ཁོག་ནང་དུ་འགྲོ་དུས། དབུལ་སྐྱོར་གནད་སྨིན་གྱི་དྲིན་ལས་ཡུལ་དེའི་ཁང་རྙིང་རྣམས་ཉམས་གསོ་བསྒྱུར་བཀོད་ཡག་པོ་ཐུབ་ནས་ལམ་གྱི་གཡས་གཡོན་དུ་གྲ་འགྲིག་པོར་ཆགས་ཡོད་པ་མཐོང་ཐུབ།


དཀར་མཛེས་རྫོང་གིས་ཞིང་སྡེ་སྡོད་ཁང་ཉམས་གསོ་སྲ་བརྟན་ཐད་ཐབས་ལམ་གསར་པ་འབྱེད།

ཉམས་གསོ་བྱས་རྗེས་ཀྱི་ཁང་པ།


ད་ལོ་ལོ67ལ་སོན་པའི་ལྷ་མོ་བསམ་འགྲུབ་ནི་ཁྱིམ་མི་བཞི་ཡོད་པའི་ཧོར་ཁོག་ནང་པའི་ཁྱིམ་ཚང་དབུལ་ཕོངས་ཤིག་རེད། ཡོང་འབབ་གཙོ་བོ་ཞིང་ལས་དང་གླ་པ་ལས་འཐོབ་དགོས་ཤིང་། ཡོང་སྒོ་ཉུང་བས་ཁང་རྙིང་བསྒྱུར་བཀོད་བྱ་དགོས་ན་བུ་ལོན་ནང་ལྷུང་པའི་ཉེན་ཁ་ཡོད་པ་རེད། དཀར་མཛེས་རྫོང་ལ་ད་རུང་ལྷ་མོ་ཁམས་འགྲུབ་ལྟ་བུའི་ཁྱིམ་ཚང་མང་པོ་ཡོད། 2017ལོ་ནས་བཟུང་དཀར་མཛེས་རྫོང་གིས་མི་སེར་གྱི་དངོས་ཡོད་གནས་ཚུལ་དེ་ཚོ་ལ་གཞིགས་ནས་རྫོང་ཡོངས་ལ་ཁྱབ་པའི་ཁང་པ་ཐེབས་ཆག་ཉམས་གསོ་སྲ་བརྟན་གྱི་ཐབས་ཤེས་གཏན་འབེབས་ཐེངས་དང་པོ་བྱས་ཏེ་གོ་རིམ་ཡོད་པའི་སྒོ་ནས་ལས་གཞི་སྤེལ་བཞིན་ཡོད་པ་རེད།

ཁང་ཞབས་ལ་ལྕགས་རྒྱག་རྒྱུ་ནི་ཡག་མོ་རེད་འགི། ལས་ལུགས་མགྱོགས་པའི་ཁར་ཁང་པ་སྲ་མོ་ཡག་མོར་ཆགས་འགྲོ་འདུག ཁང་པ་ཉམས་གསོ་སྲ་བརྟན་ལས་གཞི་དེའི་སྲིད་ཇུས་ནི་དུད་ཚང་རེ་ལ་སྒོར་ཁྲི2ཀྱི་ཁ་གསབ་རོགས་དངུལ་སྤྲད་པ་དང་ཁང་པའི་ཕྱི་ངོས་ཀྱི་གྱང་མཛེས་བཟོ་བྱེད་ཡས་ལ་ཡང་སྒོར་སྟོང2ཀྱི་ཁ་གསབ་རོགས་དངུལ་སྤྲད་པ་དེ་འདྲ་རེད། དེ་ལྟར་ཁྱིམ་ཚང་རང་གིས་ཕལ་ཆེར་འགྲོ་སོང་གཏོང་མི་དགོས་པ་རེད། ཅེས་ལྷ་མོ་བསམ་འགྲུབ་ཀྱིས་གདོང་ལ་སྤྲོ་བས་ཁེངས་ནས་སྨྱུག་འཛིན་པ་ལ་དེ་འདྲ་བཤད།

དཀར་མཛེས་རྫོང་གིས་ཞིང་སྡེ་སྡོད་ཁང་ཉམས་གསོ་སྲ་བརྟན་ཐད་ཐབས་ལམ་གསར་པ་འབྱེད།

 ཁང་ཞབས་ལ་ལྕགས་སྒྲོམ་བརྒྱབ་པའི་ཁང་པ།

ཉེ་བའི་ལོ་འགའི་ནང་ལ། དཀར་མཛེས་རྫོང་གིས་ཞིང་སྡེའི་སྡོད་ཁང་ཉེན་ཁ་ཡོད་པ་མང་བ་དང་། ཁང་པ་གསར་པ་ལས་དུས་འགྲོ་སོང་ཆེ་བའི་གནས་ཚུལ་དང་བསྟུན་ནས་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི3449བཏང་སྟེ་རྫོང་ཡོངས་ཀྱི་ཡུལ་ཤོག22དང་དུད་ཚང1387གྱི་སྡོད་ཁང་ཉེན་ཁ་ཡོད་པ་རྣམས་ཉམས་གསོ་སྲ་བརྟན་བྱས་ཤིང་མང་ཚོགས་ཀྱི་སྡོད་ཁང་ལ་ཉེན་ཁ་མེད་པར་བཟོས་ཏེ་སེམས་ཁྲལ་ཆེས་ཆེ་བ་དེ་བསལ་བ་རེད།

  དཀར་མཛེས་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་དགེ་འདུན་གྱིས་ཁང་རྙིང་ཐེབས་ཆག་ཉམས་གསོ་སྲ་བརྟན་བྱེད་པའི་ལས་ཀ་ནི་མང་ཚོགས་རང་གིས་འགྲོ་སོང་གཏང་རྒྱུའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཁེ་ཕན་ལ་དམིགས་པ་ཡིན། དཀར་མཛེས་རྫོང་གི་སྡོད་ཁང་ཕལ་ཆེར་སྔོན་མའི་ལུགས་སྲོལ་གྱི་གྱང་ཁང་ཆགས་ཡོད། ལོ་མང་པོར་ཉམས་གསོ་བྱས་མེད་པའི་རྐྱེན་གྱིས་ཀ་གདུང་སོགས་རུལ་ནས་རང་བྱུང་གནོད་འཚེ་འགོག་དཀའ་བའི་ཉེན་ཁ་ཡོད་ཅེས་བཤད་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་རྫོང་གིས་སྡོད་ཁང་ཉེན་ཅན་གསལ་འབྱེད་ལས་ཁུངས་གདན་འདྲེན་ཞུས་ནས་རྫོང་ཡོངས་ཀྱི་དུད་ཚང་དབུལ་ཕོངས་ཀྱི་སྡོད་ཁང་ཉེན་ཁ་ཡོད་པ་ལ་ཞིབ་བཤེར་གསལ་འབྱེད་བྱས་ཏེ། ལས་རིམ་ཡོངས་མངོན་གསལ་ཡོངས་བསྒྲགས་དང་ཚང་མའི་བློ་ལ་བབས་པའི་སྒོ་ནས་བསྒྲུབས་ཡོད་པ་རེད།


དཀར་མཛེས་རྫོང་གིས་ཞིང་སྡེ་སྡོད་ཁང་ཉམས་གསོ་སྲ་བརྟན་ཐད་ཐབས་ལམ་གསར་པ་འབྱེད།

ཉམས་གསོ་ལེགས་གྲུབ་བྱུང་བའི་གྲོང་སྡེ་ཁང་པའི་མཛེས་ཉམས།


  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་རིམས་འགོག་ལས་དོན་ལ་བློ་སེམས་དཀར་བའི་རྟའུ་བ་ཞིག
  • ལེ་ཚན་རྗེས་མ།:འཛམ་གླིང་གི་སྒྲུང་རྩོམ་འབྲིང་ཐུང་འགྱུར་ཡིག་པར་སྐྲུན་བྱས་འདུག
  • དོ་སྣང་ཆེ་བའི་རྩོམ།