ལི་ཐང་རྫོང་གིས་ལས་གྲྭ་ཆེན་པོ་བཞི་ལག་བསྟར་བྱས་ཏེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལས་ཀར་སྐུལ་འདེད་བཏང་།

དབྱངས་ཅན་གྱིས་བསྒྱུར།        2020-03-16

   

ལི་ཐང་རྫོང་གིས་ལས་གྲྭ་ཆེན་པོ་བཞི་ལག་བསྟར་བྱས་ཏེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལས་ཀར་སྐུལ་འདེད་བཏང་།

   ཚེས8ཉིན་སྨྱུག་འཛིན་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་དོན། ད་ལོར་ལི་ཐང་རྫོང་གིས་རང་ཉིད་ཀྱི་དོན་དངོས་ལ་དམིགས་ནས་དེང་རབས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་དང་འཕྲོད་ཐུབ་པའི་ཆེད་དུ་ལས་གྲྭ་ཆེན་པོ་བཞི་ལག་བསྟར་བྱས་ནས། ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ས་ཁུལ་གསར་འཛུགས་བྱེད་པར་ནུས་ཤུགས་བསྣན་པ་རེད།

    ཡུལ་སྐོར་ཐོགས་མེད་ལས་གྲྭ་ལག་བསྟར་བྱས་ཏེ་འགྲུལ་པ་ཡུལ་སྐོར་བྱེད་སར་འོངས་པའི་གནད་དོན་ཐག་གཅོད་བྱས། འགྲིམ་འགྲུལ་གཙོ་བོར་བྱས་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ལྗོངས་ཁུལ་གྱི་ཆེད་སྤྱོད་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་ནུས་ལྡན་བྱས་པ་དང་། ཆུ་དང་། གློག ལམ། ལྗང་འགྱུར་དང་མཛེས་བཟོ་སོགས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་ནས། ལྗོངས་ཁུལ་རྨང་གཞིའི་སྒྲིག་ཆས་ཀྱི་ཕྱོགས་བསྡུས་ཞབས་ཞུ་བྱེད་ནུས་འཐུས་ཚང་དུ་གཏོང་ཞིང་ཐེབས་ནུས་ཇེ་དྲག་ཏུ་གཏོང་བ་དང་། ཡུལ་སྐོར་གྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་ཡུལ་སྐོར་ངོ་སྤྲོད་དྲྭ་ཚུགས་སྣ་ཚོགས་འདྲེན་ཞིང་། རྫོང་ཡོངས་ཀྱི་གཅིག་གྱུར་གྱི་དྲྭ་ཐོག་ཡུལ་སྐོར་གྱི་སྤྱི་པའི་ཆ་འཕྲིན་ཞབས་ཞུ་ལས་ཀའི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་འགྲུལ་པར་སྟབས་བདེའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱས། ལི་ཐང་དུ་ཚངས་དབྱངས་རྒྱ་མཚོར་མཇལ་ཞིང་ལི་ཐང་གི་གཏམ་རྒྱུད་ཡག་པོ་བཤད་ཅེས་པར་དམིགས་ནས། ལི་ཐང་གི་རིག་གནས་དོན་སྙིང་སྔོག་འདོན་བྱས་ཏེ་ལི་ཐང་གི་གཏམ་རྒྱུད་དེ་བས་མང་པོ་ཆགས་ཐུབ་པར་བྱས།

    སྤུས་དག་ཐོན་རྫས་དར་སྤེལ་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ཏེ་འདུག་འདོད་པའི་གནད་དོན་ཐག་གཅོད་བྱས། ལི་ཐང་འདམ་ར་གླིང་ག་འཛུགས་སྐྲུན་ལས་ཀ་གཙོ་བོར་བྱས་པའི་འཁོར་གཏོང་སྒར་ས་སོགས་ལུས་རྩལ་སྦྱོང་བརྡར་དང་ཉེན་དཔྱད་རང་བཞིན་གྱི་ཡུལ་སྐོར་ལས་གཞི་འཛུགས་སྐྲུན་བྱེད་ཅིང་། ཧོ་སྙིང་ཡུལ་ཤོག་ཏུ་ཡོངས་ཁྱབ་ལྟེ་གནས་བྱས་ཏེ་འདམ་ར་གླིང་ག་ཡི་ཤར་ཕྱོགས་འཇུག་སྒོའི་ཕྱོགས་བསྡུས་ཞབས་ཞུ་སྒྲིག་ཆས་དང་རུ་སྤོ་འབྲོག་པའི་ཁྱད་ཆོས་ལྡན་པའི་ཡུལ་མིའི་སྣེ་ལེན་ས་ཚུགས་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་དང་། ངལ་གསོ་གུང་གསེང་ཡུལ་སྐོར། འཁོར་གཏོང་གནས་མཇལ་ཡུལ་སྐོར་སོགས་ཡུལ་སྐོར་བྱེད་སྟངས་གཙོ་བོར་བྱེད་ཅིང་། གཟིམས་ཁང་གནའ་བོའི་ཁྲོམ་ལམ་གྱིས་ལྟེ་བར་བྱས་ནས་མཆོད་རྟེན་དཀར་པོའི་སྤྱི་གླིང་ནས་ལི་ཐང་དགོན་པའི་བར་དུ་ཡུལ་སྐོར་བྱ་རྒྱུ་སྣེ་ཁྲིད་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་གསོ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་། གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་དང་གསར་སྦོལ་བྱས་ཏེ་གསར་བརྗེའི་རིག་གནས་ཡུལ་སྐོར་ས་ཁུལ་གསར་སྐྲུན་བྱེད། རླངས་འཁོར་འཇོག་ས་དང་། མགྲོན་ཁང་དང་ཟ་ཁང་རྩེ་གྲལ་འཛུགས་སྐྲུན་ཇེ་མགྱོགས་བྱས་ཏེ་ཚོགས་སྤྱི་འདྲ་མིན་གྱི་དགོས་མཁོ་སྐོང་གང་ཐུབ་བྱེད།

    མཉམ་འདྲེས་འཕེལ་རྒྱས་ཡོང་བའི་ལས་གྲྭ་ལག་བསྟར་བྱས་ཏེ་ཡུལ་སྐོར་ཅི་འདྲ་བྱ་དགོས་པའི་གནད་དོན་ཐག་གཅོད་བྱས། ཁམས་བོད་རིག་གནས་ཡུལ་སྐོར་དང་འཛམ་གླིང་རྩྭ་ཐང་། རི་ལུང་རང་བྱུང་རིག་གནས་མྱོང་རོལ་བྱེད་པའི་ཡུལ་སྐོར་གྱི་རྣམ་པ་གསར་པ་བསྐྲུན་ནས། ཕྱི་ཡུལ་གྱི་འགྲུལ་པ་དེ་བས་མང་པོ་དང་རིག་གནས་ཞིབ་འཇུག་ལས་སྒྲུབ་མི་སྣ་ཡུལ་འདིར་འོངས་ནས་ལི་ཐང་ལ་མྱོང་རོལ་བྱེད་དུ་འཇུག་པ་དང་། ཡུལ་སྐོར་མཛེས་ཁུལ་དུ་འགྲེམས་སྟོན་བྱེད་ཁུལ་དང་། ཞིབ་འཇུག་སློབ་སྦྱོང་ཁང་། སྐོར་བྲོ་དང་བོད་ཀྱི་ལྷ་མོ་ཟློས་གར་འཁྲབ་པ་སོགས་ཀྱི་བྱེད་སྟངས་སྤྱད་ནས་ཡུལ་སྐོར་གྱི་སྤྲོ་གསེང་རང་བཞིན་དང་མྱོང་རོལ་རང་བཞིན་ཆེར་གཏོང་། པ་ཧ་ཡི་འགྲན་བསྡུར་སྣ་ཚོགས་དང་མཁའ་ལམ་དུ་རྐང་འཁོར་ཞོན་པ་སོགས་འཛམ་གླིང་རིམ་པའི་འགྲན་བསྡུར་སྣ་ཚོགས་ལི་ཐང་དུ་སྤེལ་ཐུབ་པ་བྱས་ཏེ318པའི་ལམ་ཐིག་གི་ལུས་སྦྱོང་འགན་ནུས་ཆེ་རུ་གཏོང་བར་བརྩོན་ལེན་བྱས།

    མྱོང་རོལ་འཛད་སྤྱོད་ལས་གྲྭ་ལག་བསྟར་བྱས་ནས་འཐོབ་རྒྱུ་གང་ཡོད་པའི་གནད་དོན་ཐག་གཅོད་བྱས། ཡུལ་སྐོར་གྱི་དགོས་མཁོ་སྣ་ཚོགས་དང་འཕྲོད་པའི་ཐོན་རྫས་གསར་པ་གསར་སྦོལ་བྱེད་གང་ཐུབ་བྱེད་ཅིང་། ཡུལ་སྐོར་དང་ཞིང་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ལས་ཀར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། དགའ་བའི་མ་སྐྱེས་ཨ་མའི་མེ་ཏོག་ལྡུམ་ར་དང་མཚོ་གསུམ་ཁམས་བོད་ཉི་འོད་སོགས་ལས་གཞིས་གཙོས་པའི་ཞིང་ལས་མཛེས་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་། ཕྱི་ཡུལ་གྱི་ཁེ་ལས་དང་དམངས་ཁྲོད་མ་རྩ་འཇོག་རྒྱུ་སྐུལ་སློང་ཧུར་ཐག་བྱས་ཏེ་ཡུལ་སྐོར་ཚོང་རྫས་གསར་སྦོལ་བྱས་ནས། སྔར་ལས་ལྷག་པར་མི་རིགས་ཀྱི་རྒྱན་གོས་ཆ་ལུགས་དང་། རྐོས་རིས། ཐང་ག་སོགས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དྲན་གསོ་ཐོན་རྫས་སྤུས་དག་བཟོ་བ་དང་། ནོར་ཟོག་དང་། བེ་ཤ། དབྱར་རྩྭ་དགུན་འབུ་སོགས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ལེགས་པོ་བཟོ་བ། ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས། ཆོས་ལུགས་ཀྱི་སྤྱོད་ཆས་སོགས་ལི་ཐང་གི་དམིགས་བསལ་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་རིག་གནས་ཀྱི་རྒྱུ་རྐྱེན་མཚོན་པའི་ཡུལ་སྐོར་ཚོང་རྫས་ཚན་པ་ཞིག་གསར་སྐྲུན་དང་ཞིབ་འཇུག་བྱས་ཏེ། མགྱོགས་མྱུར་ངང་སྤུས་དག་ཐོན་རྫས་ཀྱི་ཚོང་ཁང་བསྐྲུན་ནས་ཐོན་ལས་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད།།


  • ལེ་ཚན་སྔོན་མ།:རྟའུ་རྫོང་གི་རིམས་ནད་མེད་སའི་ཡུལ་གྲོང་དུ་དཔྱིད་རྨོད་ཐོན་སྐྱེད་བྱེད་འགོ་བཙུགས།
  • ལེ་ཚན་རྗེས་མ།:འགོག་བཅོས་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་བཏང་སྟེ་དཔྱིད་རྨོད་ཐོན་སྐྱེད་གོ་རིམ་ལྡན་པར་བྱེད།
  • དོ་སྣང་ཆེ་བའི་རྩོམ།