དཔྱིད་ཀྱི་དཔལ་ཡོན་རྒྱས་དུས་དཔྱིད་རྨོད་ལས་ལ་བྲེལ།

དབྱངས་ཅན་གྱིས་བསྒྱུར།        2017-04-13

འཕྲུལ་འཁོར་རྨོད་མཛོའི་ཚབ་ཏུ་གྱུར།

      ཉེ་ཆར། དཀར་མཛེས་རྫོང་གསེར་མཁར་ཤང་གི་ས་ཞིང་དག་བཅོས་ལས་གཞིའི་རྟེན་གཞི་རུ་ཞིང་ལས་ལག་རྩལ་པ་ཝང་ཁྲེང་གིས་ཞིང་རྨོད་འཕྲུལ་འཁོར་ཆེ་གྲས་ཤིག་བཏང་ནས་ཤང་དེའི་ནས་འདེབས་རྒྱུར་གྲ་སྒྲིག་བྱེད་བཞིན་པ་རེད།

      ཝང་ཁྲེང་གིས་ངོ་སྤྲོད་བྱས་པ་ལྟར་ན། རྟེན་གཞི་འདིའི་གཞི་ཁྱོན་མུའུ1000ཡོད་ཅིང་། གལ་སྲིད་རྨོན་མཛོ་རྐྱང་པར་བརྟེན་ནས་ས་ཞིང་རྨོ་དགོས་ན་དུས་ཚོད་འགོར་ཐོག་དཀའ་ལས་ཆེ་བ་ནི་བཤད་མ་དགོས་པ་རེད། ད་ལྟར་ཞིང་རྨོད་འཕྲུལ་འཁོར་ཆེ་གྲས་ཀྱིས་ཉིན་རེར་ས་ཞིང་མུའུ40རྨོད་ཐུབ་པ་རེད། དུས་ཚོ་མི་འགོར་བའི་ཆེད་དུ་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱིས་རིན་པ་མི་དགོས་པར་ཞིང་ལས་ལག་རྩལ་མི་སྣ་མངགས་ཏེ་ས་ཞིང་རྨོད་རོགས་བྱས་པ་རེད།

      ད་ལྟར་དཀར་མཛེས་རྫོང་གི་ཞིང་པ་དེ་བས་མང་པོས་ཞིང་རྨོད་འཕྲུལ་འཁོར་དང་དཀྲུག་ལས་འཕྲུལ་འཁོར་སོགས་སྤྱད་ནས་རྨོན་མཛོའི་ཚབ་བྱེད་བཞིན་ཡོད་པ་རེད། ལས་སྟངས་དེའི་ཐོག་ནས་ཉེ་བའི་ལོ་ཤས་རིང་རྫོང་དེའི་ཞིང་ལས་འཕེལ་རྒྱས་ཀྱི་འགྱུར་ལྡོག་མཚོན་པ་རེད།

      ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་དཀར་མཛེས་རྫོང་ལ་ཞིང་ལས་འཕྲུལ་ཆས་ཆ3419ཡོད་པ་དང་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ68319.6ཡིན་པས་རྫོང་ཡོངས་ཀྱི་འཕྲུལ་རྨོད་བྱས་ཚད་བརྒྱ་ཆ90དང་འཕྲུལ་འདེབས་བྱས་ཚད་བརྒྱ་ཆ46ལ་སླེབས་ཡོད། འདྲུད་འཐེན་འཁོར་ལོ་དང་།དཀྲུག་ལས་འཕྲུལ་འཁོར།  འདེབས་འཛུགས་འཕྲུལ་འཁོར།  ཞིང་ཞོར་ཐོན་རྫས་ཀྱི་ལས་སྣོན་འཕྲུལ་འཁོར་སོགས་ནི་ཞིང་པའི་དཔྱིད་རྨོད་ཐོན་སྐྱེད་ཀྱི་ལས་རོགས་བཟང་པོར་གྱུར་དང་འགྱུར་བཞིན་ཡོད་པ་རེད།

ཞིང་རྨོད་ལོ་ཏོག་སྣ་མང་ཅན་དུ་གྱུར།

      གསེར་ཆུ་སྟེང་ཤང་དཔལ་འབྱོར་འབྲས་ཤིང་ཚོད་ལྟའི་དཔེ་སྟོན་འདེབས་འཛུགས་རྟེན་གཞི་རུ་གསར་དུ་འཛུགས་པའི་ཀུ་ཤུ་དང་ཁམ་བུའི་ཤིང་སྡོང་དག་གྲ་འགྲིག་པོའི་ངང་ནས་བཙུགས་འདུག

ཞིང་རྨོད་ལོ་ཏོག་འདེབས་པའི་སྣ་ཁ་ཕུན་སུམ་ཚོགས་སུ་གྱུར་པ་ནི་དཀར་མཛེས་རྫོང་གི་དཔྱིད་རྨོད་ཐོན་སྐྱེད་ཀྱི་མཛེས་ལྗོངས་ཞིག་ཏུ་གྱུར།   དཀར་མཛེས་རྫོང་ནི་ཞིང་ལས་རྫོང་ཆེན་པོ་ཞིག་ཡིན་པས། རྫོང་དེའི་འབྲུ་རིགས་འདེབས་ཁྱོན་དཀར་མཛེས་ཁུལ་གྱི་ཨང་དང་པོའི་གྲས་དང་འབྲུ་རིགས་ཐོན་ཚད་དཀར་མཛེས་ཁུལ་གྱི་བདུན་ཆ་གཅིག་ཡིན་པ་རེད། ཡིན་ནའང་ཡུན་རིང་པོ་ནས་བཟུང་ཞིང་པ་ཕལ་ཆེར་བས་ནས་དང་ཞོག་ཁོག་མ་གཏོགས་ཞིང་རྨོད་ལོ་ཏོག་གཞན་དག་འདེབས་མཁན་ཧ་ཅང་ཉུང་བས་ཐོན་ལས་ཀྱི་ཆགས་ཚུལ་ཁེ་རྐྱང་ཡིན་པ་རེད། ད་ལྟ་སྔོན་ཆད་དང་མི་འདྲ་བ་རྒྱ་བོད་སྨན་རྩྭ་དང་།སྔོ་ཚལ། ཡུངས་དཀར་སོགས་ཀྱི་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་བཏང་ནས་ཚོང་རའི་འགྲན་སློང་ནུས་པ་ཇེ་དྲག་ཏུ་བཏང་བ་རེད།

      ད་ལོར་དཀར་མཛེས་རྫོང་གིས་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྤེལ་བྱེད་ཤུགས་ཆེ་རུ་བཏང་ཏེ་ཞིང་ལས་ཤང་དང་གྲོང་རྡལ17ལ་དེང་རབས་ཐོན་ལས་ཀྱི་ནས་ཀྱི་རྟེན་གཞི་མུའུ་ཁྲི8.5བསྐྲུན་པ་དང་ནས་ནག་གི་རྟེན་གཞི་མུའུ་ཁྲི1བསྐྲུན་ཡོད་པ་རེད།  ལྷོ་པ་དང་གསེར་ཆུ་སྟེང་། གསེར་མཁར། གོང་ལུང་བཅས་སུ་གཞི་ཁྱོན་མུའུ་ཁྲི་ལྡན་པའི་དེང་རབས་དཔེ་སྟོན་གྱི་ནས་ཀྱི་རྟེན་གཞི་ས་ཁུལ4བསྐྲུན་པ་དང་། རྒྱལ་སྲུང་གཞུང་ལམ317པ་བརྒྱུད་ཡུལ་གྱི་ཤང་དང་གྲོང་རྡལ་དུ་མུའུ་ཁྲི་ལྡན་པའི་ཤུམ་པགས་སྨུག་པོའི་ཞོག་ཁོག་རྟེན་གཞི་དང་མུའུ་ཁྲི1.3ལྡན་པའི་ཡུངས་དཀར་གྱི་རྟེན་གཞི། མུའུ་ཁྲི0.9ལྡན་པའི་སྔོ་ཚལ་རྟེན་གཞི་བཅས་བསྐྲུན་ཡོད་པ་རེད། དཀར་མཛེས་གྲོང་རྡལ་དང་དཀར་རག  གོང་ལུང་། འདན་མ་སོགས་ཤང་དང་གྲོང་རྡལ་བཅས་སུ་སྟོན་ཐོག་གྲོ་མུའུ700དཔེ་སྟོན་ཁྱབ་གདལ་བྱས་ཡོད། ལྷོ་པ་དང་། དཀར་རགས། མདའ་མདོ་ཤང་བཅས་ལ་སྲན་ལྗང་མུའུ200དང་སྒོག་པ་མུའུ100ཁྱབ་གདལ་བཏང་བ་བཅས་རེད། གསེར་ཆུ་སྟེང་ཤང་གི་ཚོད་ལྟའི་དཔེ་སྟོན་རྟེན་གཞི་རུ་དུས་ཚིགས་གཉིས་ལ་གཟན་འབྲུ་གཟན་རྩྭ་མུའུ2ཚོད་ལྟ་འདེབས་འཛུགས་བྱས་ཏེ་ལོ་གཅིག་ལ་ཐོག་གཅིག་ཐོན་སྐྱེད་བྱེད་པའི་སྲོལ་རྒྱུན་བསྒྱུར་བར་མ་ཟད།  ཀུ་ཤུ་དང་ཁམ་བུ་སོགས་དཔལ་འབྱོར་འབྲས་ཤིང་མུའུ10ཚོད་ལྟ་འདེབས་འཛུགས་བྱས་པ་རེད།

      དཀར་མཛེས་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱི་སྤྱི་ཁྱབ་ཞིང་ལས་ལག་རྩལ་དགེ་རྒན་ཝང་ཡོན་གྱིས་ད་ལོར་དཀར་མཛེས་རྫོང་གིས་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི17ལ་འབྲུ་རིགས་ཐོན་ཚད་ཏུན་ཁྲི3.8ཡོད་པར་མ་ཟད། ད་དུང་སྤྱི་གཉེར་ཁང་དང་རྟེན་གཞི། ཞིང་དུས་བཅས་མཉམ་འབྲེལ་བྱས་ཏེ་ནས་ཀྱི་ཁོངས་གཏོགས་ཐོན་རྫས་གསར་སྦོལ་བྱེད་གང་ཐུབ་བྱས་ཏེ་དཀར་མཛེས་ཁུལ་བྱང་རྒྱུད་འབྲུ་མཛོད་དེ་ཉིན་རེ་བཞིན་ཕུན་སུམ་ཚོགས་པོར་གྱུར་ཐུབ་ངེས་རེད་ཅེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་ཧུར་ཐག་གིས་ཞིང་སྤྱོད་དངོས་རྫས་སྐྱེལ་འདྲེལ་བྱས་ཏེ་དཔྱིད་རྨོད་གྲ་སྒྲིག་བྱས།
  • ལེ་ཚན་རྗེས་མ།:སྐྱ་གད་ཤང་གིས་དཔྱིད་རྨོད་ཐོན་སྐྱེད་བྱེད་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།