དབྱི་ལི་ཡིས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2017-04-10

ཟླ་བ3པའི་ཚེས29ཉིན་ནས་ཚེས31ཉིན་བར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་རང་ཁུལ་གྱི་སེར་ཤུལ་རྫོང་དང་བྲག་འགོ་རྫོང་། གསེར་ཐར་རྫོང་། རྟའུ་རྫོང་བཅས་སུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས། ཀྲུང་དབྱང་གི་བོད་རིགས་ས་ཁུལ་བཅོས་སྐྱོང་ཐབས་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་རང་ཁུལ་གྱི་གནས་ཚུལ་དངོས་ཁོང་དུ་ཟབ་མོ་ཆུད་པ་དང་། ཏན་ཏིག་གིས་ཞིབ་ཅིང་ཟབ་པོས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ལས་ཀ་ཁག་ཡག་མོ་བསྒྲུབ་རྒྱུ་དང་། ཧུར་ཐག་གིས་བརྟན་བརླིང་སྲུང་སྐྱོང་གི་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་སྐྱོང་བྱས་ནས་དཀར་མཛེས་བོད་ཁུལ་མཆོངས་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་ཁག་བགོས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་སའི་ནང་ཞུགས་པ་རེད།

དབྱི་ལི་སེར་ཤུལ་རྫོང་གི་སེར་ཤུལ་གྲོང་རྡལ་རི་རྩ་གྲོང་ཚོ་དང་དར་དམར་གྲོང་ཚོ་གསུམ་པ་སོགས་ས་གནས་ལ་ཕེབས་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣ་དང་ཐུམ་འབུའི་ནད་ཕོག་མཁན་གྱི་ནད་པར་འཚམས་འདྲི་གནང་བ་རེད།  ཁོང་གིས་གཏིང་ཟབ་རྒྱུན་སྲིང་གིས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀ་དམ་འཛིན་ཡག་པོ་བྱས་ནས་འགོས་ནད་འབྱུང་ཁུངས་རྩ་བཅད་དང་ནད་ཕོག་ཡོད་པའི་མང་ཚོགས་ལ་སྨན་བཅོས། འཕྲོད་བསྟེན་གྱི་རྒྱུན་མཁོ་ཤེས་བྱ་དྲིལ་བསྒྲགས་བྱེད་པ།  གོམས་གཤིས་ཡག་མོ་ཆགས་བཅུག་རྒྱུ་སོགས་ཐད་ཀྱི་ལས་ཀ་རྒྱུན་ཆད་མེད་པར་ཞིབ་ཚགས་བསྒྲུབས་ནས་དོན་དངོས་གཉེར་ཏེ་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱས་པར་བརྟེན།  བོད་ཁུལ་གྱི་གནས་ཚུལ་དངོས་དང་འཕྲོད་པའི་ཐུམ་འབུའི་ནད་འགོག་བཅོས་བྱེད་ཐབས་ཀྱི་ལམ་བུའི་ཐོག་སྐྱོད་གང་ཐུབ་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

གསེར་ཐར་རྫོང་དང་རྟའུ་རྫོང་ལ་དབྱི་ལི་ཡིས་ས་གནས་ཀྱི་ལས་བྱེད་པ་དང་དགོན་པའི་གྲྭ་བཙུན་ལ་ཁ་བརྡ་ལབ་རེས་བྱས་ནས་དགོན་པའི་འཆར་འགོད་འཛུགས་སྐྲུན་དང་དོ་དམ་གནས་ཚུལ་ལ་ཆ་རྒྱུས་ཞིབ་མོ་ལོན་རྗེས། ས་གནས་སྲིད་གཞུང་ལ་དགོན་པ་བཅའ་ཁྲིམས་ལྟར་དོ་དམ་ཚད་ལྡན་དང་ཕན་ནུས་ལྡན་པའི་སྤྱི་པའི་ཞབས་ཞུ་ལས་ཀ་ཡག་མོ་བསྒྲུབས་ཏེ་ཆོས་ལུགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཞིང་། རྒྱ་ཆེའི་གྲྭ་བཙུན་ལ་རྒྱལ་གཅེས་ཆོས་གཅེས་དང་སྡོམ་སྲུང་ཁྲིམས་སྲུང་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

དབྱི་ལི་ཡིས་ད་དུང་གསེར་ཐར་རྣུབ་གཟུར་གྲོང་རྡལ་དང་དཀར་མཛེས་གེ་སར་གནམ་གྲུ་ཐང་གི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་ཞིང་། སྤུས་ཀ་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཨར་ལས་མྱུར་ཚད་དང་མ་རྩ་ཚོད་འཛིན་བྱེད་གང་ཐུབ་བྱས་པའི་རྨང་གཞིའི་ཐོག   མང་ཚོགས་ཡིད་རང་བ་དང་དུས་ཚོད་ཀྱིས་ཞིབ་བཤེར་བྱེད་ཐུབ་པའི་སྤུས་ལེགས་ཨར་ལས་ཤིག་བསྐྲུན་ཐུབ་རྒྱུར་ཁག་ཐེག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

དེའི་རྗེས་འཚོགས་པའི་ལས་ཀའི་སྙན་ཞུ་ཚོགས་འདུའི་ཐོག་དབྱི་ལི་ཡིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་ཀའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། བོད་ཁུལ་ལས་ཀ་སྔ་ལས་ལྷག་པར་་ཡག་མོ་བསྒྲུབ་རྒྱུའི་ཐད་ཁོང་གིས་ནན་གསུང་གནང་དོན། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་སྐྱོང་དང་བོད་དར་། བོད་འཛུགས་སྐྱོང་བཅས་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་འཕྱུགས་མེད་ཁོང་དུ་ཆུད་པ། ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནས་སྔར་ལྷག་གིས་ལས་ཀའི་བསམ་ཕྱོགས་དང་གཙོ་གནད་གསལ་པོ་བཟོས་ཏེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ཀྱི་ཁྲོད་དུ་ཇུས་འགོད་དང་ལས་ཀར་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ལ་ཕན་འབྲས་དངོས་ཐོབ་པར་བྱ་དགོས།

ཁུལ་གྱི་འགོ་ཁྲིད་ལི་ཅང་དང་ཧྲེང་དབྱང་། ལུའོ་ཀྲེན་ཧྭ། ཀྲང་ཕིང་ཧྲེང་སོགས་ཁག་བགོས་ནས་བརྟག་དཔྱད་ཞིབ་འཇུག་ནང་ཞུགས་ཡོད་པ་རེད།།

 

  • ལེ་ཚན་སྔོན་མ།:༼ཁམས་པའི་འཛུམ་རིས༽ སྤྱིའི་འདོན་ཐེངས་བཅོ་ལྔ་པ་སྒོར་ཐོན་ཡོད།
  • ལེ་ཚན་རྗེས་མ།:ལི་ཁང་གིས་ཉག་ཆུ་རྫོང་དུ་གྲོས་བསྡུར་ཆེན་པོའི་བྱེད་སྒོ་དང་དབུལ་ཐར་འགག་སྒྲོལ་ལས་ཀར་ཁྲིད་སྟོན་གནང་སྐབས་གྲོས་བསྡུར་ཆེན་པོའི་བྱེད་སྒོ་ཟབ་མོ་སྤེལ་ནས་དབུལ་ཐར་འགག་སྒྲོལ་
  • དོ་སྣང་ཆེ་བའི་རྩོམ།