རྟའུ་རྫོང་ལ་ནད་དུག་ཕོག་མཁན་མང་ཚུལ་དང་དེ་འགོག་ཐབས་སྐོར་གྱི་ལན།

སྐལ་ཐུབ་དང་མཁས་གྲུབ། ཀུན་དགའ་བཅས་ཀྱིས་བསྒྱུར།        2020-02-19

 སྤྱི་ཟླ2པའི་ཚེས17ཉིན། དཀར་མཛེས་ཁུལ་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ5གསར་དུ་བྱུང་ཞིང་ཚང་མ་ནི་རྟའུ་ཡི་མི་རེད་འདུག  སྤྱི་ཟླ2པའི་ཚེས17ཉིན་གྱི་ཆུ་ཚོད24ཡི་བར་ལ། ཁུལ་ཡོངས་སུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཕོག་པའི་ནད་པ62ཡོད་པ་དང་།དེའི་ནང་དུ་ནད་པ57ནི་རྟའུ་རྫོང་གི་མི་རེད།

   དཀར་མཛེས་ཁུལ་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་མང་ཆེ་ཤོས་རྟའུ་རྫོང་གི་མི་ཡིན་ལ་ནད་པ་ཡང་ཉིན་རེ་བཞིན་ཇེ་མང་ལ་འགྲོ་དོན་ཅི་རེད། ད་དུང་མཆེད་རྒྱ་ཆེ་རུ་འགྲོ་སྲིད་པ་ཨེ་རེད།འདྲི་གཞི་འདི་དག་ཁྱེར་ནས་ཚེས18ཉིན་གསར་འགོད་པས་དཀར་མཛེས་ཁུལ་གྱི་རྟའུ་རྫོང་གི་རིམ་ཚུལ་ལ་ཁ་གཏད་འཇལ་བའི་ཡུལ་དངོས་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣ་ལ་བཅར་འདྲི་བྱས་པ་ཡིན།

རྟའུ་ཡི་རིམས་ཚུལ།

ངོས་ཟིན་ནད་པ་ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག་གི་ནང་དུ་འདུས་ཡོད།

འགོས་ཁུངས་མི་གཉིས་ལས་རིམས་ཚུལ་བྱུང་འདུག

   དྲི་བ། དཀར་མཛེས་ཁུལ་དང་ལྷག་པར་རྟའུ་རྫོང་གི་ད་ལྟའི་རིམས་ཚུལ་ཅི་འདྲ་རེད།

  ལན། ཁུལ་ཡོངས་སུ་དེ་སྔོན་དར་མདོ་དང་གསེར་ཐར།འདབ་པ་བཅས་ལ་ཝུའུ་ཧན་ནས་ཡོང་བའི་ནད་པ5ཡོད་པར་ཕུད། སྤྱི་ཟླ2པའི་ཚེས17ཉིན་གྱི་ཆུ་ཚོད24ཡི་བར་དུ། རྟའུ་རྫོང་ལ་ནད་པ57ཡོད་ཅིང2སྨན་ཁང་ནས་བུད་ཡོད།ད་དུང་དོགས་ཡོད་ནད་པ11ཡོད་པ་དང་། ནད་རྟགས་མེད་མཁན་གྱི་ནད་དུག་ཕོག་མཁན16ཡོད།དེའི་ནང་དུ་དོགས་ཡོད་ནད་པ་དང་ནད་རྟགས་མེད་མཁན་གྱི་ནད་དུག་ཕོག་མཁན་རྣམས་ནད་ངོས་ཟིན་པའི་ནད་པ་ལ་འགྱུར་ཉེན་ཆེན་པོ་ཡོད་པ་རེད།རྟའུ་རྫོང་གི་ནད་ངོས་ཟིན་པའི་ནད་པ་དང་། དོགས་ཡོད་ནད་པ།ནད་རྟགས་མེད་མཁན་གྱི་ནད་དུག་ཕོག་མཁན་བཅས་ཚང་མ་ནི་མ་ཟུར་ཡུལ་ཤོག་དང་། ཁང་གསར་ཡུལ་ཤོག  དགེ་བཤེར་ཡུལ་ཤོག  ཁུག་ཆ་ཡུལ་ཤོག  སྦར་ཞབས་ཡུལ་ཤོགགཤིས་ཆུ་གྲོང་རྡལ་བཅས་ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག་གི་ནང་དུ་འདུས་ཡོད་པ་རེད།

རྟའུ་རྫོང་ལ་ནད་དུག་ཕོག་མཁན་མང་ཚུལ་དང་དེ་འགོག་ཐབས་སྐོར་གྱི་ལན།


   སྤྱི་ཟླ་དང་པོའི་ཚེས24ཉིན། རྟའུ་རྫོང་གིས་ཏོག་གསར་གློ་ཚད་ཕོག་པའི་དོགས་ཡོད་ནད་པ་ཐོག་མའི་ནད་ངོས་ཟིན་རྗེས། དེ་མ་ཐག་དེ་དང་འབྲེལ་འདྲིས་ཆེ་བའི་མི་སྣ་གཙང་བཤེར་དང་། ལོགས་བཀར།དེ་བཞིན་ཡམས་ནད་རིག་པའི་བརྟག་ཞིབ་བཅས་ཀྱི་ལས་དོན་སྤེལ་འགོ་ཚུགས་པ་རེད། རྟའུ་རྫོང་གི་སྔ་མའི་དུས་རིམ་ནང་དུ་རིམ་པར་ནད་ངོས་ཟིན་པའི་ནད་པར་ཡམས་ནད་རིག་པའི་བརྟག་དཔྱད་བྱས་པར་གཞིགས་ན།རྟའུ་རྫོང་གི་རིམས་ཚུལ་བྱུང་འཕེལ་གཙོ་བོ་ཕྱོགས་གཉིས་ཡོད་ཅིང་ཚང་མ་ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག་གི་ནང་ཁོངས་སུ་ཡིན་པ་རེད། གཅིག་ནི་བློ་ག་གེ་མོ་གཙོས་པ་ནས་ནད་དུག་འགོས་པ་སྟེ། བློ་ག་གེ་མོ་སྤྱི་ཟླ་དང་པོའི་ཚེས9ཉིན་ནས18ཉིན་གྱི་བར་གྱི་ནད་མ་ཕོག་པའི་སྔོན་རྗེས་སུ་ཁྲེང་ཏུའུ་དང་ནན་ཁྲུང་། མེན་ཧྲན་སོགས་སུ་འགྲོ་མྱོང་བ་དང་། སྤྱི་ཟླ་དང་པོའི་ཚེས18ཉིན་ཁྲེང་ཏུའུ་ནས་རྟའུ་ལ་ལོག་རྗེས། འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་མང་པོའི་ནང་དུ་ཞུགས་ནས་ཁྱིམ་ཚང་མང་པོའི་བར་ནད་དུག་ཕན་ཚུན་འགོ་རེས་བྱེད་དུ་བཅུག་པ་རེད། འདི་ནི་རིམས་ཚུལ་མཆེད་ལམ་གཙོ་བོ་དེ་ཡིན་པ་རེད། གཉིས་ནི་སྣུམ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་འཇམ་ག་གེ་མོ་སྤྱི་ཟླ་དང་པོའི་ཚེས20ཉིན་གྱི་སྔོན་རྗེས་སུ་གཡག་རྔ་དང་ཁྲེང་ཏུའུ་སོགས་སུ་འགྲོ་མྱོང་བ་དང་། ནད་ཕོག་རྗེས་དེའི་ལས་རོགས་ཁ་ལོ་བ་ལ་ཡང་འགོས་པ་རེད། ཕྱོགས་འདི་ནས་འཇམ་ག་གེ་མོ་ཁོངས་སུ་གཏོགས་པའི་མི་གཉིས་ལ་ནད་དུག་ཕོག་པ་རེད།


རྟའུ་ཡི་བྱེད་ཐབས།

ནད་ངོས་ཟིན་པ་ནས་བརྟག་དགོས་ཚད་ལ་བརྟག་ཅིང་།

ནད་པ་མང་ཤོས་ལ་འདེམས་བཤེར་བྱས་ནས་ནད་ངོས་ཟིན་པའི་ནད་དཔེ57ཡོད།

   དྲི་བ། རིམས་ཚུལ་ལ་དམིགས་ནས་རྟའུ་རྫོང་གིས་དམིགས་སའི་རང་བཞིན་ལྡན་པའི་སྔོན་འགོག་ཚོད་འཛིན་ལས་དོན་གང་དག་སྤེལ་ཡོད་དམ།

   ལན། དཀར་མཛེས་ཁུལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ།  ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཞིབ་དཔྱད་བྱ་དགོས་རིགས་ལ་ཞིབ་དཔྱད་དང་སྨན་ཁང་དུ་བསྡུ་དགོས་ཚད་བསྡུས་པ། རིགས་དབྱེ་བསྡུ་བཅོས་དང་ཟུར་འཇོག་གསོ་རིག་ལྟ་ཞིབ་དོ་དམ་ལ་ཤུགས་རྒྱག་པའི་བླང་བྱ་གཞིར་བཟུང་ནས་དཀར་མཛེས་ཁུལ་དང་རྟའུ་རྫོང་གིས་རིམས་ནད་རིག་པའི་བརྟག་དཔྱད་ཀྱི་དབྱེ་ཞིབ་འབྲས་བུ་གཞིར་བཟུང་ཐོག་རང་འགུལ་ངང་ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག་གིས་སྔ་རྗེས་སུ་གྲལ་བཤེར་བྱས་པའི་འབྲེལ་གཏུག་དམ་ཟབ་བྱེད་མཁན་དང་སྤྱིར་བཏང་གི་འབྲེལ་གཏུག་བྱེད་མཁན་སོགས་གཙོ་གནད་མི་སྣ8463ལ་གཅིག་སྡུད་ཟུར་འཇོག་དང་ཁྱིམ་སྡོད་ཟུར་འཇོག་སོགས་རིགས་དབྱེའི་དོ་དམ་བྱ་ཐབས་ནན་པོ་སྤྱད་དེ་རྟའུ་རུ་རིམས་ནད་མཆེད་ལམ་བཅད་པ་རེད།

   སྤྱི་ཟླ2པའི་ཚེས17ཉིན་གྱི་ཆུ་ཚོད24བར་འབྲེལ་གཏུག་དམ་ཟབ་བྱེད་མཁན339ལ་གཅིག་སྡུད་ཟུར་འཇོག་གིས་གསོ་རིག་ལྟ་ཞིབ་བྱས་པ་དང་། སྤྱིར་བཏང་འབྲེལ་གཏུག་བྱེད་མཁན1908ལ་ཁྱིམ་སྡོད་གསོ་རིག་གིས་ལྟ་ཞིབ་བྱས་པ་རེད། འབྲེལ་བ་དམ་ཟབ་ཡོད་པའི་གཙོ་གནད་མི་ཚོགས8463ལ་ནད་རྟགས་ཐོན་ཡོད་མེད་ལ་མ་བལྟོས་པར་གཟབ་ནན་གྱིས་དཔེ་ལེན་བརྟག་ཞིབ་བྱས་པར་མ་ཟད། PCRཡི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཡང་བྱས་པ་རེད། ལས་ཀ་བྱེད་སྟངས་དེ་ནད་ཕོག་རྗེས་གཞི་ནས་ནད་ངོས་ཨ་ཟིན་ལྟ་བ་ནས་ཞིབ་དཔྱད་བྱ་དགོས་རིགས་ལ་ཞིབ་དཔྱད་བྱས་ནས་རང་འགུལ་ངང་གྲལ་བཤེར་བྱེད་པའི་ཐོག་ལ་བསྒྱུར་ཡོད། དེའི་དམིགས་ཡུལ་ནི་དུས་ཚོད་ཐུང་ཤོས་ནང་ནད་པ་གཏན་འཁེལ་བྱས་ནས་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་པ་དང་། འབྲེལ་གཏུག་དམ་ཟབ་བྱེད་མཁན་ལ་གཅིག་སྡུད་ཐོག་གསོ་རིག་གི་ལྟ་ཞིབ་བྱས་ནས་འགོས་ནད་མི་འགོ་བ་བྱ་རྒྱུ་དང་། སྤྱིར་བཏང་གི་འབྲེལ་འདྲིས་བྱེད་མཁན་ལ་ཁྱིམ་སྡོད་ཟུར་འཇོག་གི་གསོ་རིག་ལྟ་ཞིབ་བྱས་ནས་ཁྱབ་མཆེད་མི་འགྲོ་བ་བཅས་ཀྱི་ཆེད་དུ་རེད།རྟའུ་ཡི་སྨན་བཅོས་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་ཆེད། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་སྨན་དོན་ཆེད་མཁས127མངགས་ནས་རྟའུ་ལ་རོགས་སྐྱོར་བྱས་པ་རེད།

   སྔ་རྗེས་སུ་དཔེ་ལེན་ཞིབ་བཤེར་བྱས་པའི་འབྲས་བུར་གཞིགས་ན། སྤྱི་ཟླ2པ་ནས་བཟུང་གཙོ་གནད་མི་ཚོགས8463གྱི་ཁྲོད་ནས་གཅིག་རྗེས་གཉིས་མཐུད་ངང་ནད་གཞི་བརྟག་དཔྱད་བྱས་ནས་ནད་གཞི་གཏན་འཁེལ་བྱུང་བ་རེད།སྤྱི་ཟླ2པའི་ཚེས17ཉིན་གྱི་ཆུ་ཚོད24བར་མི7018ལ་ཞིབ་དཔྱད་ཚད་ལེན་བྱས་པ་དང་། དེའི་ནང་སྔ་དུས་སུ་ནད་ཕོག་མཁན་མི57ལ་བརྟག་དཔྱད་གཏན་འཁེལ་བྱས་པ་དང་། ད་དུང་གཙོ་གནད་མི་སྣ1445ཡིས་ཞིབ་དཔྱད་ཚད་ལེན་བྱས་འབྲས་སྒུག་བཞིན་ཡོད།


རྟའུ་རྫོང་ལ་ནད་དུག་ཕོག་མཁན་མང་ཚུལ་དང་དེ་འགོག་ཐབས་སྐོར་གྱི་ལན།


   སྤྱི་ཟླ2པའི་ཚེས17ཉིན་ནས་བཟུང་། དོ་དམ་ཚོད་འཛིན་ལ་ཤུགས་རྒྱག་ཆེད། དཀར་མཛེས་ཁུལ་དུ་འགྲོ་འོང་བྱེད་མཁན་རླངས་འཁོར་ཚང་མ་རྟའུ་ཡི་ས་ཁོངས་ནས་འགྲོ་འོང་བྱ་རྒྱུ་གཏན་འགོག་བྱས་པ་དང་ཆབས་ཅིག  རྟའུ་རྫོང་གི་ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག་ནས་ཉེ་འགྲམ་རྫོང་གི་ནང་ཚུན་དུ་བཀག་སྡོམ་ཁུལ་གསུམ་བཟོས་ཏེ་ཁག་བགོས་ནས་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་ལེན་བསྟར་བ་རེད།


རྟའུ་ཡི་གནས་བབ།

འགོས་ནད་འབྱུང་ཁུངས་ནས་ཕྱིར་མཆེད་པ་སྔོན་འགོག་བྱེད་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ་དང་།

གནས་སྐབས་སུ་ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག་ལས་གཞན་ནད་དཔེ་སྙན་ཞུ་འབྱོར་མེད།

   དྲི་བ། རྟའུ་རྫོང་གི་རིམས་ཚུལ་ད་དུང་མཆེད་སྲིད་དམ།

   ལན། དཀར་མཛེས་ཁུལ་དུ་རྟའུ་ཕུད་པའི་དར་མདོ་དང་གསེར་ཐར། འདབ་པ་བཅས་རྫོང་(གྲོང་ཁྱེར)3གྱི་ནད་པ་ལྔ་ནི་ཝུའུ་ཧན་ནས་ནང་དུ་མཆེད་པའི་ནད་དཔེ་ཡིན་པ་དང་དེ་དག་ལས་འགོས་ནད་བསྐྱར་དུ་བྱུང་མེད། ཟླ2ཚེས17ཉིན་བར་མི4སྨན་ཁང་ནས་ཐོན་ཡོད། ལྕགས་ཟམ་ཁ་དང་རོང་བྲག་སོགས་རྫོང14ཡིས་ཐོག་མཐའ་བར་གསུམ་དུ་ནད་རྟགས་མེད་པའི་སྙན་ཞུ་བྱས་པ་རེད།

  རྟའུ་རྫོང་གིས“ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག”གི་གཙོ་གནད་མི་ཚོགས་ལ་མུ་མཐུད་གྲལ་བཤེར་བྱས་པ་དང་ཆབས་ཅིག   རིགས་དབྱེ་ལོགས་བཀར་གྱི་ཚོད་འཛིན་ནན་པོ་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་རྟའུ་རྫོང་གི་འགོ་ནད་འབྱུང་ཁུངས་ཕྱིར་མཆེད་པ་སྔོན་འགོག་བྱས་པས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་པ་རེད།ཟླ2ཚེས17ཉིན་གྱི་བར་རྟའུ་རྫོང་གི་ནད་རྟགས་གཏན་འཁེལ་གྱི་ནད་དཔེ་ཚང་མ་དོན་དངོས་ཐོག“ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག”གི་དུས་འགོའི་ནད་ཕོག་པའི་ནད་པ་རྣམས་ལས་བྱུང་བ་ཡིན་པ་དང་། གཙོ་གནད་མི་ཚོགས་ཀྱི་དཔེ་མཚོན་འཚོལ་བསྡུ་དང་ཞིབ་བཤེར་བྱས་པར་བརྒྱུད་སྔ་ཙམ་ཤེས་རྟོགས་ཐུབ་པ་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་དབྱེ་བ། སྔ་ཙམ་སྨན་བཅོས་ཐུབ་པ་བཅས་བྱས་ནས་ཕྱི་ཕྱོགས་ལ་འགོ་མཆེད་ཀྱི་ཐབས་ལམ་ཚང་མ་གཅོད་གང་ཐུབ་བྱས་པ་རེད།

   མིག་སྔར“ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག”ཕུད་པའི་རྟའུ་རྫོང་གི་ཡུལ་ཤོག་དང་གྲོང་སྡེ་གཞན་དག་དང་དཀར་མཛེས་ཁུལ་གྱི་རྫོང(གྲོང་ཁྱེར)གཞན་དག་ལ་ནད་དཔེའི་སྙན་ཞུ་འབྱོར་མེད། རྟའུ་རྫོང་དང་དེ་བཞིན་དཀར་མཛེས་ཁུལ་གྱི་ཁྲོམ་རའི་མཁོ་སྤྲོད་རྒྱུན་གཏན་ཡིན་པ་དང་། བདེ་འཇགས་སྒྲིག་ལམ་ཡག་པོ་ཡོད་ཅིང་། མང་ཚོགས་ཀྱི་བློ་ཁ་བརྟན་པོ་ཡོད་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡིན་པ། རིམས་འགོག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་གཉིས་ཀྱིས་ཡང་འདི་འདྲ་གསུངས་འདུག
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་རིམས་འགོག་ལ་སྒོར་བྱེ་བ་གཅིག་ལྷག་ཞལ་འདེབས་ཕུལ་འདུག
  • དོ་སྣང་ཆེ་བའི་རྩོམ།