མེ་བྱ་ལོ་སར་དགའ་སྟོན་རྒྱ་ཆེར་རོལ།། བདེ་སྐྱིད་འཚོ་བ་ལྷ་ཡུལ་དཔལ་ལ་འགྲན།།

        2017-03-02

མེ་བྱ་ལོ་སར་དགའ་སྟོན་རྒྱ་ཆེར་རོལ།། བདེ་སྐྱིད་འཚོ་བ་ལྷ་ཡུལ་དཔལ་ལ་འགྲན།།

གསེར་ཐར་རྫོང་།

མེ་མོ་བྱ་ཡི་བོད་ལོ་སར་ཤར་བའི་སྐབས་དང་བསྟུན་ནས་གསེར་ཐར་རྫོང་རྩིས་བཤེར་ཅུས་ཀྱི་ལས་སྒྲུབ་མི་སྣ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་དང་ཆ་སྒྲིག་རོགས་སྐྱོར་དུད་ཚང་གི་ཁྱིམ་དུ་ཕྱིན་ནས། སྒོར7000ལྷག་རི་བའི་འཚམས་འདྲིའི་དངོས་རྫས་བསྐྱལ་ཏེ་ཁོ་ཚོ་ལ་ལོ་སར་གྱི་རྟེན་འབྲེལ་ཞུས་པ་རེད།

གསེར་ཁོག་གྲོང་རྡལ་འགོ་རྫ་གྲོང་ཚོ་དང་པོའི་དབུལ་ཐར་དུད་ཚང་གི་བདག་པོ་ཚེ་རིང་གིས་མཛའ་བརྩེའི་ངང་རྩིས་བཤེར་ཅུས་ཀྱི་ཆ་སྒྲིག་ཉེ་འཚོལ་ཡིན་པའི་ཉེ་འབྲེལ་གྱི་ལག་པ་འཇུས་ནས་ངས་ཁྱེད་རྣམ་པ་ངེད་ཚང་ལ་འོང་རྒྱུ་ཡིན་པ་གོ་ནའང་འདི་འདྲའི་གནམ་གཤིས་གྲང་མོའི་ནང་སླེབས་ཡོང་བ་ནི་གཏན་ནས་དྲན་མ་བྱུང་། བོད་ལོ་སར་དུས་སུ་ངས་ད་དུང་ཁྱེད་རྣམ་པ་ངེད་ཚང་དུ་གདན་ནས་ལོ་སར་གཏང་དགོས་བསམ་བྱུང་ཞེས་བཤད། གསེར་ཐར་རྫོང་རྩིས་བཤེར་ཅུས་ཀྱིས་དུས་ཡུན་རིང་པོར་མང་ཚོགས་ཀྱི་ལས་ཀ་དང་འབྲེལ་འདྲིས་བྱ་ཡུལ་གྱི་དབུལ་ཐར་ལས་ཀ་དེ་མང་ཚོགས་ལ་ཐུགས་ཁུར་བྱེད་ཅིང་ཏང་དང་མང་ཚོགས་བར་གྱི་ཤ་ཁྲག་གི་འབྲེལ་བ་དམ་པོར་འཛིན་པའི་བྱ་སྤྱོད་དངོས་ལ་བརྩིས་ནས་དམ་འཛིན་ལྷོད་མེད་བྱས་པ་རེད།

དཀར་མཛེས་རྫོང་།

བོད་ལོ་སར་ཤར་བ་དང་སྦྲགས་དཀར་མཛེས་རྫོང་གི་ག་ས་ག་ལ་དགའ་སྤྲོའི་རྣམ་པ་རབ་ཏུ་ཁེངས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ལོ་སར་གྱི་ཁོར་ཡུག་བཟང་པོས་ཁྱབ།

སྨྱུག་འཛིན་པ་རྫོང་དེའི་ཞོར་ཟས་ཁང་དང་སྡེབ་ཚོང་ཁང་དུ་ཕྱིན་དུས། ཚོང་ཁང་སོ་སོས་ཅ་ལག་བྲིན་ཚོང་འགྲོ་ཐབས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། ཞིང་འབྲོག་མང་ཚོགས་མི་ཉུང་བ་ཞིག་གིས་ལོ་སར་གཏོང་བར་མཁོ་བའི་སྤྱོད་ཆས་ཉོ་སྒྲུབ་བྱེད་ཞོར་ལོ་སར་སྐོར་གྱི་གཏམ་གླེང་བྱེད་བཞིན་འདུག གདོང་ལ་དགའ་སྤྲོའི་རྣམ་པ་ཁེངས་ཤིང་ལག་ཏུ་ལོ་སར་གྱི་ཅ་ལག་མང་པོ་ཁུར་ཡོད་པའི་རྒྱ་མཚོས་ལོ་སར་དུས་སུ་བཟའ་རྒྱུ་ཞིམ་པོ་དང་གྱོན་རྒྱུ་ཡག་མོ། སྤྱད་རྒྱུ་ཡག་པོ་ཨེ་འདུག་བལྟས་ཏེ་ཉོས་ནས་སྐྱིད་པོ་གཏང་དགོས་པ་རེད། ལོ་སར་ཚར་དུས་དཔྱིད་རྨོས་ལས་ལ་བྲེལ་དགོས་པ་རེད་ཅེས་བཤད།

ཞིང་ལས་ཉོ་ཚོང་ཚོང་ར་རུ་བུ་མོ་ཟླ་བ་མཚོས་ཨ་མས་ཉོས་པའི་ཤོག་སྦག་ལག་ཏུ་བཟུང་ནས་གནམ་མཆོང་ས་མཆོང་བྱེད་པ་དང་། ཟླ་ཐང་མ་ནས་ཡོང་བའི་འབྲོག་མི་བཀྲ་ཤིས་ཀྱིས་འདྲུད་འཐེན་འཁོར་ལོའི་ཐོག་ལོ་སར་གྱི་དངོས་རྫས་མང་པོ་འཇོག་བཞིན་ཡོད། བཀྲ་ཤིས་ཀྱིས་ཉེ་འབྲེལ་འགས་ཁྱིམ་ནང་གི་གད་སྙིགས་འཕྱག་རྒྱུ་དང་གྲོ་གཅུས་ལས་བཞིན་ཡོད། ང་ལ་འདྲུད་འཐེན་འཁོར་ལོ་ཡོད་ཅིང་སྟབས་བདེ་བས་ཁོ་ཚོ་ལ་ལོ་སར་གྱི་དངོས་རྫས་ཉོ་རོགས་བྱས་པ་ཡིན་ཞེས་བཤད་པ་རེད།།

མེ་བྱ་ལོ་སར་དགའ་སྟོན་རྒྱ་ཆེར་རོལ།། བདེ་སྐྱིད་འཚོ་བ་ལྷ་ཡུལ་དཔལ་ལ་འགྲན།།

རྟའུ་རྫོང་།

དཔྱིད་གསར་དུས་ཆེན་གྱི་དགའ་སྟོན་གྱི་བྲོ་བ་ཡལ་ཁོམ་མེད་པར་བོད་མེ་བྱ་ལོའི་ལོ་སར་ཤར་འགོ་ཚུགས་པ་རེད། རྟའུ་རྫོང་ཞིང་འབྲོག་མང་ཚོགས་ཀྱིས་ལོ་སར་གཏོང་ཡས་ཀྱི་དངོས་ཟོག་མང་པོ་ཉོས་པས་མ་ཚད་ཁ་ཟས་དང་གྲོ་གཅུས་སོགས་བཟོས་ནས་བཀྲ་ཤིས་པའི་མེ་བྱ་ལོའི་ལོ་གསར་པར་བསུ་མ་བྱས་པ་རེད།

ཅ་ལག་མྱུར་སྐྱེལ་བྱེད་མཁན་གྱི་ལག་ཏུ་དངོས་པོ་ལེན་བཞིན་པའི་དབྱང་ཧྥུ་ཞང་གིས་འདི་ནི་ཕྲུ་གུས་དྲྭ་ཐོག་ནས་ཉོས་པའི་ལོ་སར་མཁོ་ཆས་རེད། ད་ལྟར་དྲྭ་ཐོག་ནས་ཅ་ལག་ཉོས་ན་སྟབས་བདེ་མོ་འདུག སྒོ་ཁར་འབུད་ན་ཆོག་གི་འདུག་ཅེས་བཤད། གློག་རྡུལ་ཚོང་དོན་གྱི་དུས་རབས་ལ་སླེབས་པ་དང་བསྟུན་ནས་རྟའུ་རྫོང་གི་མང་ཚོགས་མི་ཉུང་བ་ཞིག་གིས་ཀྱང་དྲྭ་ཐོག་ནས་ལོ་སར་གྱི་མཁོ་ཆས་ཉོ་བཞིན་ཡོད། དེ་སྔོན་ལོ་སར་གྱི་མཁོ་ཆས་ཚང་མ་ཚོང་ར་ནས་ཉོ་དགོས་པས་རྒྱབ་ལ་སླེ་པོ་ཁུར་ནས་ཁྲོམ་རར་ཐེངས་མང་འགྲོ་དགོས་ཀྱི་ཡོད། དེང་སང་གློག་རྡུལ་ཚོང་དོན་དར་རྒྱས་ཆེ་ཞིང་ཞིང་འབྲོག་མང་ཚོགས་ཀྱང་དེང་རབས་ཀྱི་འཚོ་བའི་ཕྱོགས་སུ་གོམ་ཁ་བསྒྱུར་བ་དང་། འཚོ་བའི་སྤུས་ཚད་ཀྱང་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད། 

འབའ་ཐང་རྫོང་།

སྤྱི་ཟླ2པའི་ཚེས24ནས26བར་ཏེ་བོད་མེ་སྤྲེལ་ལོའི་ཟླ་བ12པའི་ཚེས28ནས་གནམ་གང་བར། འབའ་ཆོས་སྡེ་དགོན་གྱིས་ཉིན་གསུམ་རིང་ལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྲོལ་རྒྱུན་འབག་འཆམ་དུས་སྟོན་ཏེ་དགུ་གཏོར་འཆམ་ནས་བོད་མེ་བྱ་ལོའི་ལོ་སར་ལ་བསུ་མ་ཞུས་པ་རེད།

དགུ་གཏོར་དངོས་ནི་བོད་ཟླ12པའི་ཚེས29ཉིན་ལ་ཡིན་ཞིང་། ཉིན་དེར་དགོན་པས་འབག་འཆམ་པའི་ཚུལ་གྱིས་དགུ་གཏོར་གྱི་ཆོ་ག་སྤེལ་བ་དང་ལོ་གཅིག་གི་རྐྱེན་ངན་བར་ཆད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་མཚོན་བྱེད་ཀྱི་གཏོར་མ་ཆེན་པོ་ཕྱོགས་ནག་ལ་ཁ་གཏད་ནས་བརྫངས་སྲོལ་ཡོད། ཉིན་དེར་མི་རྣམས་ཀྱིས་ལུས་ལ་གཟབ་འཕྱོར་སྤྲས་ཤིང་ལག་ཏུ་ཁ་ཟས་ཁུར་ནས་དགུ་གཏོར་མཇལ་ས་འགྲོ་བ་དང་དགུ་འཁྲུད་དགུ་བཤལ་དང་དགུ་ལུད་འཕོ་བའི་ལུགས་སྲོལ་ཡང་ཡོད་པ་རེད། 

དར་མདོ་གྲོང་ཁྱེར།

2017ལོའི་ཟླ་བ2པའི་ཚེས28ཉིན་ཏེ་བོད་མེ་བྱ་ལོའི་ལོ་སར་ཚེས2ཉིན། དར་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། དར་མདོའི་གྲོང་ཨུ་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་གླུ་གར་ཚོགས་པ། དར་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་བཅས་ཀྱིས་སྒྲུབ་འགན་ཁུར་བའི2017ལོའི་བོད་ཀྱི་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་དེ་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད།

ཉིན་དེར། ཞིང་ཆེན་དྲག་ཆས་དམག་དཔུང་ཡན་ལག་རུ་ཁག་གཉིས་པ་དང་དར་མདོ་གྲོང་ཁྱེར་གྱི་རི་སྐེད་ཤང་དང་ས་ཧོར་ཤང་། སྐྱིད་ཐང་ཤང་། གུར་དྲག་གྲོང་རྡལ། ཝ་ཁྲལ་ཤང་། ར་རྔ་ཁ་གྲོང་རྡལ་བཅས་ཀྱི་འཐུས་ཚབ་རུ་ཁག་གིས་སྙན་པའི་གླུ་ལེན་ཞིང་དགའ་བའི་བྲོ་འཁྲབ་ནས་བོད་མེ་བྱ་ལོའི་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ལྟད་མོ་བ་མང་པོས་འཚང་ག་བརྒྱབ་ནས་རིག་རྩལ་འཁྲབ་སྟོན་ལ་ལྟ་བཞིན་དགའ་བསུའི་ཐལ་སྒྲ་ཡང་ཡང་བརྡབས་པ་རེད། 

  • ལེ་ཚན་སྔོན་མ།:མདོ་དབུས་ཁམས་གསུམ་གྱི་སྒྱུ་རྩལ་པས་འཁྲབ་པའི་གར་ཆུང《བཀྲ་ཤིས་སྨོན་འདུན》ཞེས་པར་དགའ་བསུ་ཆེན་པོ་ཐོབ།
  • ལེ་ཚན་རྗེས་མ།:སྤྲོ་སེམས་ཁེངས་པའི་ངང་ནས་བོད་མེ་བྱ་ལོའི་གནམ་ལོ་གསར་ཚེས་རོལ།
  • དོ་སྣང་ཆེ་བའི་རྩོམ།