སྐལ་ཐུབ་དང་མིག་དམར། ཀུན་དགའ། ཡེ་ཤེས། 2017-01-08
ཁྲེན་ཧུང་པའོ་ཡིས་གཙོ་འགན་བཞེས་ཤིང་། ལིའུ་ཁྲེང་མིང་དང་བྱང་ཆུབ་ཀྱིས་གསུང་བཤད་གནང་།
སྤྱི་ཟླ་དང་པོའི་ཚེས8ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ཁག་བདེ་བླག་ཏུ་གྲུབ་ནས་གོང་ཚེས་ཉིན་མཇུག་བསྒྲིལ་བ་རེད།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་བྱང་ཆུབ་དང་། ཁྲེན་ཧུང་པའོ། ཧྥན་ཝུན་ཧྭ། རྡོ་རྗེ་བཀྲ་ཤིས། ཅང་ཞིའུ་དབྱིན། ཧྲུན་ཧྥེ། ཨ་རྒྱས་བུ་ཕྲུག ཀུང་ཅན་ཀྲུང་། ལེ་ཅན་ཕིང་། སྐུ་བཅར་ཡོན་ཏན་རྒྱ་མཚོ། གཡང་མཚོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཤིང་། ཁྲེན་ཧུང་པའོ་ཡིས་ཚོགས་ཆེན་གྱི་གཙོ་འགན་བཞེས་པ་རེད།
ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། དཀར་མཛེས་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་སོགས་ཀྱི་དབུ་ཁྲིད་རྣམ་པ་གདན་ཞུ་ལྟར་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།
གྲོས་ཚོགས་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་གྱི་སྙན་སེང་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་འདས་པའི་ལོ་ལྔའི་ནང་ཁུལ་ཡོངས་སུ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་དང་དམངས་འཚོ་རྒྱུན་མཐུད་ལེགས་བཅོས་བྱུང་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བའི་གནས་བབ་བཟང་པོ་ཆགས་ཡོད། སྐབས་བཅུ་གཉིས་པའི་ཁུལ་སྲིད་གྲོས་ཀྱིས་ཁུལ་ཨུའི་ལྟེ་གནས་ལས་ཀར་དམིགས་ཤིང་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ཏན་ཏིག་བྱས་ཤིང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་ཐབས་འདོན་ཇུས་འདོན་བྱས་པ་དང་། དམངས་འཚོར་དོ་ཁུར་བྱེད་པའི་ཁྲོད་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཞུས་པ། མཐུན་སྒྲིལ་དང་མཉམ་ལས་ཁྲོད་དུ་འཕེལ་རྒྱས་ཀྱི་འདུ་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་གསུངས་པ་རེད།
ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཕྱིན་ཆད་ཀྱི་ལོ་ལྔ་ནི་རང་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་དུས་རིམ་ཡིན་པར་མ་ཟད། རང་ཁུལ་ཡུན་རིང་བདེ་འགོད་ཡོང་བའི་རྨང་གཞི་སྲ་བརྟན་གཏོང་བའི་དུས་རིམ་ཞིག་ཡིན་ལ། རང་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགག་སྒྲོལ་གྱི་དུས་རིམ་ཡང་ཡིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དམིགས་འབེན་གཅིག་དང་། གནད་འགག་གཉིས། དོན་ཆེན་གསུམ། འཐབ་ཇུས་ཆེན་པོ་དྲུག་བཅས་ཀྱི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམིགས་ནས་འཕེལ་རྒྱས་གཏོང་བ་དེ་ལས་འགན་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་བསྒྲིལ་བྱ་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱ་རྒྱུ་རྒྱུན་འཁྱོངས། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་བྱ་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་ས་བྱ་རྒྱུ་རྒྱུན་འཁྱོངས། གསོན་ཤུགས་དང་དྲང་ནུས་གཅིག་སྒྲིལ་བྱ་རྒྱུའི་དམིགས་འབེན་རྒྱུན་འཁྱོངས་བཅས་བྱས་ནས་རང་ཁུལ་གྱི་དཔལ་འབྱོར་དར་རྒྱས་དང་། འཚོ་བ་སྐྱིད་པོ། འཆམ་མཐུན་བརྟན་བརླིང་། དམངས་གཙོ་དཔལ་ཡོན། ཁྱིམ་གཞིས་མཛེས་སྡུག འགན་སྲུང་ནུས་ལྡན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་འབད་བརྩོན་བྱ་དགོས།
ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན། སྲིད་གྲོས་སྐབས་བཅུ་གསུམ་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་བསམ་བློ་དང་བྱ་སྤྱོད་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱ་དགོས། སྔར་བས་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ཆེ་རུ་གཏོང་བ་དང་། ལྟེ་གནས་ལས་ཀ་དང་སྤྱི་ཡོངས་ལ་ཞབས་ཞུ་བྱེད་པར་དམིགས་ནས་འགན་ནུས་ལེགས་སྒྲུབ་དང་ལས་ཀ་དོ་དན་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་བསྐྲུན་པར་སེམས་ཤུགས་དང་བློ་རིག་གཅིག་ཏུ་བསྡུ་དགོས། གནས་བབ་དང་སྤྱི་ཡོངས་ཆེན་པོར་ཤེས་རྟོགས་བྱས་ཏེ་འདུ་ཤེས་ཆེན་པོ་བཞི་ཇེ་དྲག་ཏུ་གཏོང་བ་དང་གདེང་ཚོད་བཞི་བརྟན་པོར་བྱས་ནས་ཁུལ་ཨུ་དང་བསམ་བློའི་ཐོག་བློ་གཅིག་སེམས་གཅིག་དང་། དམིགས་འབེན་ཐོག་སེམས་མཐུན་ཕྱོགས་མཐུན། བྱ་སྤྱོད་ཐོག་བློ་མཐུན་སྤྱོད་མཐུན་བཅས་ཡོང་བར་བྱ་དགོས། འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་གསར་པ་ཇེ་དྲག་ཏུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་གཏོང་བའི་ལས་འགན་ཨང་དང་པོ་དེ་འགན་ནུས་སྒྲུབ་པའི་ལས་དོན་ཁག་གི་ཁྲོད་དུ་ལག་བསྟར་བྱེད་པ་དང་། སྟོབས་ཤུགས་གཙོ་བོ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་གཏོང་འཛིན་བྱེད་པའི་ཐད་འཇོག་པ་དང་། བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་འགལ་བ་དབྱེ་ཞིབ་བྱ་རྒྱུའི་ཐོག་འཇོག་པ་དང་། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐོག་བཞག་ནས་བློ་རིག་འཛོམས་པའི་གྲོས་འགོ་འདོན་པ་དང་དམ་པ་དོན་གཉེར་གྱི་བྱེད་ཐབས་གཉེར་དགོས། རང་ཁུལ་གྱི་བཅོས་བསྒྱུར་སྒོ་འབྱེད་དང་ཐོན་ལས་དམངས་ཕྱུག འགྲིམ་འགྲུལ་སྔོན་སྐྲུན། ས་ཁོངས་འཕེལ་རྒྱས། གྲོང་ཡུལ་རིམ་སྤོར། སྐྱེ་ཁམས་འཛུགས་སྐྱོང་། དམངས་འཚོ་ལེགས་བཅོས་བཅས་ཡུན་རིང་འཕེལ་རྒྱས་ཀྱི་བརྗོད་གཞི་གལ་ཆེན་རྣམས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་དང་ཐབས་ཇུས་རིག་ནུས་འདོན་དགོས།
གསར་དུ་བདམས་ཐོན་བྱུང་བའི་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བྱང་ཆུབ་ཀྱིས་མཇུག་བསྒྲིལ་ཚོགས་ཆེན་ཐོག་གསུང་བཤད་གནང་བ་རེད། ཁོང་གིས་འཚོགས་མ་ཐག་པའི་ཁུལ་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་ཐོག་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་ཁྲིད་སྟོན་བསམ་བློ་དང་འབད་འཐབ་དམིགས་འབེན། ལས་འགན་གལ་ཆེན་བཅས་གཏན་འཁེལ་བྱས་པས། འདི་ནི་ཁུལ་ཡོངས་ཀྱི་མི་དམངས་ཀྱི་རེ་བ་དང་ལས་འགན་ཡིན་ལ། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་ཨུ་ཡོན་རྣམས་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་དང་ལས་འགན་གལ་ཆེན་ཡང་ཡིན།
བྱང་ཆུབ་ཀྱི་ནན་གསུང་གནང་དོན། ཆབ་སྲིད་གནད་དོན་ནི་གཞི་རྩའི་གནད་དོན་ཞིག་ཡིན་པ་དང་སྲིད་གྲོས་ལས་དོན་ཁྲོད་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་གཞི་རྩའི་རྩ་དོན་ཞིག་ཀྱང་ཡིན་ཞིང་། སྲིད་གྲོས་ཀྱི་བྱ་གཞག་མུ་མཐུད་དེ་དར་རྒྱས་ཡོང་བའི་གཞི་རྩའི་འགན་ལེན་ཡིན་ལ། སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་ཡང་དག་པ་བསྒྲུབ་པའི་གཞི་རྩའི་བླང་བྱ་ཡང་ཡིན།
བྱང་ཆུབ་ཀྱིས་རིམ་པ་ཁག་གི་སྲིད་གྲོས་ཀྱི་རྩ་འཛུགས་དང་། རྒྱ་ཆེ་བའི་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱིས་སྤྱི་འདོམས་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས། ཆབ་སྲིད་ཀྱི་ངེས་ཤུགས་ཇེ་ཆེར་གཏོང་བ། རང་རྟོགས་ཀྱིས་སྲིད་གྲོས་ཀྱི་ལས་ཀ་དེ་ཁུལ་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་སུ་ཁྱབ་པར་བྱེད་ཅིང་། བློ་རིག་དང་སྟོབས་ཤུགས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ཁག་གི་ཐོག་ལ་གཅིག་ཏུ་བསྒྲིལ་བ་དང་། ཇུས་འགོ་འདོན་པ་ལས་ཇུས་ཐག་མི་བཅད་པ་དང་སྲིད་དོན་གླེང་བ་ལས་སྲིད་འཛིན་མི་བྱེད་པ། གྲོས་འགོ་གནད་ལ་ཁེལ་ཞིང་ཚད་ལས་མི་བརྒལ་བ། ལྟ་སྐུལ་བྱེད་པ་ལས་སྐྱོན་བརྗོད་མི་བྱེད་པ། རོགས་འདེགས་བྱེད་པ་ལས་མར་འཐེན་མི་རྒྱག་པ་རྒྱུན་འཁྱོངས་བྱེད་ཅིང་། འགན་འཁྲི་འཁུར་ཕོད་པ་དང་བསམ་བློ་གཏོང་ཕོད་པ། ཇུས་འགོ་འདོན་མཁས་པ། ནུས་པ་ཡོད་པ། བརྩོན་ཤུགས་ཆེ་བ་བཅས་ལ་བརྟེན་ནས་སྒྲིག་སྲོལ་ལྟར་འགན་ནུས་སྒྲུབ་ཐབས་སྤྱད་པ་དང་གཅིག་གྱུར་འཆར་འགོད་དང་མཉམ་འགུལ་བྱས་ནས་ཤུགས་འདོན་པ། དམངས་འཚོ་ལེགས་བཅོས་ཐད་ཀྱི་འབོད་སྐུལ་སྒྲོག་པ། དཀའ་གནད་སེལ་བའི་ཐབས་ཇུས་འདོན་པ། བརྟན་བརླིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་སྒྲུབ་པ་བཅས་བྱ་རྒྱུ་དང་། བསྒྲུབ་དགོས་ངེས་ཀྱི་བྱ་བ་བསྒྲུབ་པ་དང་རང་གི་འགན་ནུས་ལྟར་བྱ་བ་བསྒྲུབ་པ། བསྒྲུབ་ནུས་པའི་བྱ་བ་བསྒྲུབ་དགོས་ཞེས་ཐུགས་རེ་གནང་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10