བརྒྱད་ཟིལ་རྫོང་ཁྲིམས་ཁང་གིས་མི་རིགས་མཐུན་སྒྲིལ་ལས་ཀ་དེ་གྱོད་དོན་ཐོ་འགོད་དང་། ཞིབ་གཅོད། ལག་བསྟར་བཅས་ཕྱོགས་ཁག་ལ་ཁེབས་ཐུབ་པར་བྱས།

དབྱངས་ཅན་གྱིས་བསྒྱུར།        2019-10-30

    བརྒྱད་ཟིལ་རྫོང་ནི་བོད་རིགས་དང་། རྒྱ་རིགས། དབྱིས་རིགས་བཅས་གནས་པའི་མི་རིགས་མང་པོ་འདུས་སྡོད་བྱས་པའི་རྫོང་ཞིག་ཡིན་པས་ན་བོད་དབྱིས་རིག་གནས་ཀྱི་དར་ལམ་ཞེས་པའི་མིང་ཐོགས་པ་རེད། ཉེ་བའི་ལོ་ཤས་རིང་། བརྒྱད་ཟིལ་རྫོང་མི་དམངས་ཁྲིམས་ཁང་གིས་ཐུན་མོང་དུ་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དུ་དར་རྒྱས་གོང་འཕེལ་ཡོང་བའི་མི་རིགས་ལས་ཀའི་གཙོ་དོན་དམ་འཛིན་བྱེད་པ་དང་ལས་ཀའི་དོན་དངོས་ལ་དམིགས་ནས། མི་རིགས་མཐུན་སྒྲིལ་གྱི་ལས་ཀ་དེ་གྱོད་དོན་ཐོ་འགོད་དང་། ཞིབ་གཅོད། ལག་བསྟར་བྱེད་པ་བཅས་ཕྱོགས་སོ་སོར་ཁེབས་ཐུབ་པར་བྱས་ཏེ། ཁྲིམས་ཁང་གི་ཞིབ་གཅོད་དང་ཁྲིམས་འཛིན་ལས་ཀ་སྒྲུབ་པར་སྐུལ་འདེད་ནུས་ལྡན་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་བྱ་གཞག་ལ་ཁྲིམས་འཛིན་གྱི་འགན་སྲུང་དང་ཞབས་ཞུ་ནུས་ལྡན་འདོན་སྤྲོད་བྱས་ཡོད་པ་རེད།

    ནང་ཁུལ་མཐུན་སྒྲིལ་བྱེད་པར་སྔོན་ཁྲིད་བྱེད་ཅིང་སེམས་ཤུགས་གཅིག་སྒྲིམ་གྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། བརྒྱད་ཟིལ་རྫོང་མི་དམངས་ཁྲིམས་ཁང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། མི་རིགས་མཐུན་སྒྲིལ་ཡོང་བའི་དཔེ་སྟོན་སྡེ་ཚན་གསར་སྐྲུན་བྱ་རྒྱུ་དམ་འཛིན་བྱེད་པ། འགོ་ཁྲིད་ཀྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་ཀའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། སྦྱང་བྱ་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་དང་། ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོ་འཆང་ཞེས་པའི་གཙོ་དོན་སློབ་གསོ་སོགས་ཀྱི་ལས་ཀ་དང་ཟུང་འབྲེལ་ནུས་ལྡན་བྱས་ནས། མི་རིགས་ཁག་མཐུན་སྒྲིལ་ཆེན་པོ་ཡོང་བའི་དར་ཆ་མཐོན་པོ་བསྒྲེངས་ནས། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅངས་སུ་བཅུག་ནས། ཁྲིམས་ཁང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡོང་བའི་དྲང་ནུས་གཅིག་ཏུ་བསྒྲིལ་ནས་ལས་ཀ་སྣ་ཚོགས་སྤེལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།

    དྲང་གཞག་གི་སྒོ་ནས་ཁྲིམས་འཛིན་བྱ་རྒྱུ་རྨང་གཞིར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡོང་བར་བྱས། ཁྲིམས་ཁང་དེས་ཐོག་མཐའ་བར་གསུམ་དུ་ཁྲིམས་འཛིན་དྲང་གཞག་ཡོང་བ་དེ་མི་རིགས་མཐུན་སྒྲིལ་ཡོང་བྱེད་ཀྱི་རྨང་རྡོ་ལྟ་བུ་བྱས་ནས། ཁྲིམས་འཛིན་བཅོས་བསྒྱུར་གྱི་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་ནས་ཁྲིམས་འཛིན་གྱི་སྤུས་ཚད་དང་ལས་ཆོད་ཇེ་ཆེར་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་འགན་ལེན་གལ་ཆེན་དུ་གྱུར་པ་རེད།

    ཁྲིམས་འཛིན་དམངས་ཕན་གྱི་འབྲེལ་ཟམ་བཙུགས་ནས་དམངས་སེམས་བདེ་མོར་ཡོང་བར་བྱས་ཤིང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དམ་འཛིན་བྱས་ཏེ་ཐུན་མོང་གི་ངོས་འཛིན་ཐོབ་པ་དང་། མི་རིགས་ལས་བྱེད་ཉེན་རྟོག་པས་རྐང་འཛིན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡོང་བར་གསོན་ཤུགས་བསྣན། ཁྲིམས་ཁང་གི་སྒྲིག་ཁོངས་སུ་ཡོད་པའི་ལས་བྱེད་ཉེན་རྟོག་པ48དང་གཞན་པའི་མི་སྣ8ཡོད། དེའི་ནང་གྲངས་ཉུང་མི་རིགས31ཡོད་པས་ལས་བྱེད་ཉེན་རྟོག་པའི་འབོར་གྲངས་ཀྱི་བརྒྱ་ཆ55ཡོད་པ་རེད། མི་རིགས་མཐུན་སྒྲིལ་ལས་ཀར་ཤུགས་སྣོན་རྒྱག་པའི་བསམ་ཕྱོགས་ཀྱི་ཁྲིད་སྟོན་འོག ཕྱོགས་གཅིག་ནས་ཐབས་ལམ་སྣ་མང་གི་ཐོག་ནས་རྒྱ་བོད་དང་། རྒྱ་དབྱིས་ཀྱི་སྐད་གཉིས་ཤེས་ལྡན་མི་སྣ་གསོ་སྐྱོང་སྦྱོར་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲངས་ཉུང་མི་རིགས་ལས་བྱེད་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐབས་ཤེས་སྤྱད་ཡོད། ཁྲིམས་ཁང་ཡོངས་ལ་འབྲིང་རིམ་ཡན་གྱི་གྲངས་ཉུང་མི་རིགས་ལས་བྱེད་ཉེན་རྟོག་པ20ཡོད། དེའི་ནང་འབྲིང་རིམ་ཡན་གྱི་གྲངས་ཉུང་ལས་བྱེད་པ13ཡོད་པས་བརྒྱ་ཆ65ལ་ཟིན་ཡོད། ཕྱོགས་གཞན་ཞིག་ནས་ལས་གནས་སོ་སོའི་མི་རིགས་ལས་བྱེད་པའི་ཆགས་ཚུལ་བཀོད་སྒྲིག་ལུགས་མཐུན་བྱས་ནས། ཞིབ་གཅོད་དཔུང་ཚོགས་དང་། མི་དམངས་ཁྲིམས་ར། གྱོད་དོན་ཐོ་འགོད། ལག་བསྟར། ཡིག་སྐུར་ངོ་གཏུག་སོགས་ཀྱི་ལས་སྒོའི་སྡེ་ཁག་ཚང་མར་བསྡུར་ཚད་ལྟར་གྲངས་ཉུང་མི་རིགས་ལས་བྱེད་ཉེན་རྟོག་པ་བཀོད་སྒྲིག་བྱས་ནས། གཏུག་བཤེར་གྱི་གནད་དོན་དང་འབྲེལ་བའི་གྲངས་ཉུང་མི་རིགས་ལ་གཏུག་གཤེར་བྱེད་པར་སྟབས་བདེ་སྤྲད་པ་རེད།།

  • ལེ་ཚན་སྔོན་མ།:གངས་ལྗོངས་མཐོ་སྒང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།
  • ལེ་ཚན་རྗེས་མ།:མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་བྲིས། དཀར་མཛེས་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་སྤེལ་བའི་ཟུར་བྲིས།
  • དོ་སྣང་ཆེ་བའི་རྩོམ།