ཉམས་འགྱུར་གྱིས་ཕྱུག་པའི་མཛད་སྒོ་ལས། རིག་སྟོབས་ཀྱིས་ངོམས་པའི་འཕེལ་ཁ་མངོན།

ཡེ་མིང་གིས་བྲིས།        2019-08-23

དཀར་མཛེས་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་འགོ་ཚུགས་མཛད་སྒོའི་ཟུར་བྲིས། 

ཉམས་འགྱུར་གྱིས་ཕྱུག་པའི་མཛད་སྒོ་ལས།  རིག་སྟོབས་ཀྱིས་ངོམས་པའི་འཕེལ་ཁ་མངོན།

     དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་དེ་སྤྱི་ཟླ8པའི་ཚེས22ཉིན་སྔ་དྲོའི་ཆུ་ཚོད9པའི་ཐོག་དར་མདོའི་གཡག་རྭ་ལྟག་སྒོའི་ཐང་ཆེན་དུ་འཛུགས་གཉེར་བྱེད་འགོ་ཚུགས་པ་རེད།ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་གཞི་གཙོ་བོ་ནི་ངར་ཤུགས་འགྲན་པའི་ལུས་རྩལ་འགྲན་ཚོགས། བདེ་ཐང་སྐྱོང་བའི་དཀར་མཛེས་ཁུལ་ཞེས་པ་དེ་རེད།

     ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་ཕུལ་བ་རེད།

     འབྲི་དྲུག་གི་འབྲས་བཟང་སྨིན་ཞིང་དྲི་ངད་ས་གཞི་ཡངས་པོར་འཐུལ། དུས་རབས་ཀྱི་འཕེལ་ཁ་དར་ཞིང་འབྱོར་འབྲིང་སྤྱི་ཚོགས་སུ་གོམ་སྟབས་སྒྱུར་བའི་སྟོན་ཟླ་ར་བའི་དུས་ཚིགས་འདིར། དཀར་མཛེས་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་18དང་དུང་དཀར་ལུང་པའི་མཛེས་ལྗོངས་དོ་དམ་ཅུས། ཉི་སྟེན་མཛེས་ལྗོངས་དོ་དམ་ཅུས་བཅས་ཀྱི་ལས་རིགས་དང་འཐབ་ཕྱོགས་སོ་སོ་ནས་འོངས་པའི་ལུས་རྩལ་འགྲན་ཞུགས་རུ་ཁག་གི་ལུས་རྩལ་པ1300ལྷག་མཛའ་གཞས་ཀྱི་ཆོལ་ཁ་རུ་འཛོམས་ནས་ཕྱིན་ཆད་ཀྱི་ཉིན་བདུན་རིང་ལ་རིགས་སྣ་ཚོགས་ཀྱི་ལུས་རྩལ་འགྲན་གྱི་རྣམ་གྲངས་སུ་ཞུགས་རྒྱུ་ཡིན་པ་རེད།

      འགོ་ཚུགས་པའི་མཛད་སྒོའི་ཐོག་སྔོན་འགྲོའི་འཁྲབ་སྟོན་ལེ་ཚན། རྒྱལ་དར་གྱི་རུ་བསྟར་གྲུ་བཞི། ཚོགས་དར་གྱི་རུ་བསྟར་གྲུ་བཞི། ཤན་འབྱེད་པའི་རུ་བསྟར་གྲུ་བཞི། ལུས་རྩལ་པའི་རུ་བསྟར་གྲུ་བཞི་བཅས་མཛད་སྒོའི་ཚོགས་རའི་ནང་འཇུག་ཚར་རྗེས། དར་ཆ་སྒྲེང་པའི་མཛད་སྒོ་སྤེལ་བ་དང་ཆབས་ཅིག ལུས་རྩལ་པའི་འཐུས་ཚབ་དང་ཤན་འབྱེད་པའི་འཐུས་ཚབ་ཀྱིས་དམ་བཅའ་བཞག་མཐར། རིག་རྩལ་འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད། རིག་རྩལ་འཁྲབ་སྟོན་ནི་དཀར་མཛེས་ཀྱི་ལུས་རྩལ། གར་ཉམས་ཀྱི་དཀར་མཛེས། མདུན་སྐྱོད་ཀྱི་དཀར་མཛེས། ངར་སློང་གི་དཀར་མཛེས། མཇུག་བསྡུའི་འཁྲབ་ཚན་བཅས་ལེ་ཚན་ལྔ་ལ་བགོས་ཡོད་ཅིང་། འཁྲབ་ཚན་གྱི་ནང་དོན་ནི་དྲག་རྩལ་དང་སེང་གེ་འཁྲབ་པ། མི་རིགས་ལུས་རྩལ། འཁྱུག་རྩལ་འཁྲབ་སྟོན། སྒང་ལི་རྩལ་སྟངས། དཀར་མཛེས་ཁུལ་རང་ཡུལ་གྱི་མི་རིགས་གླུ་གར་སོགས་ཀྱི་སྒྱུ་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་པ་རེད། སི་ཁྲོན་མི་རིགས་སློབ་གླིང་དང་ཞིང་ཆེན་བོད་ཡིག་སློབ་གྲྭ ཁུལ་ལས་རིགས་སློབ་གྲྭ ཁུལ་འཕྲོད་བསྟེན་བཅས་སློབ་གྲྭ་བཞི་ནས་འོངས་པའི་དགེ་སློབ་དང་ལས་བཟོ2200ལྷག་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ནང་ཞུགས་ནས་རང་ཁུལ་གྱི་མི་རིགས་རིག་གནས་དང་གོས་རྒྱན་རིག་གནས། གླུ་གར་རིག་གནས། དེ་བཞིན་དུ་དཀར་མཛེས་ཁུལ་ཡོངས་ཀྱི་བདེ་ཐང་དང་ལུས་རྩལ་འཕེལ་ཁ་དར་བའི་གྲུབ་འབྲས་གཅིག་ཅར་དུ་མངོན་འགྲེམས་བྱས་པ་རེད། །


  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་གཉེར་འགོ་ཚུགས།
  • ལེ་ཚན་རྗེས་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་འགོ་ཚུགས་མཛད་སྒོའི་པར་རིས་བདམ་བཀོད།
  • དོ་སྣང་ཆེ་བའི་རྩོམ།