དབྱངས་ཅན་གྱིས་བསྒྱུར་ཞུས་བྱས། 2019-08-12
ལོ་ན18ནི་ལང་ཚོ་དར་ལ་བབ་པའི་དུས་ཡིན་པས་མི་མང་པོ་ཞིག་གིས་ད་དུང་སློབ་གྲྭའི་འཚོ་བ་རོལ་ནས་དགེ་རྒན་དང་ཁྱིམ་མི་ཚོས་གཅེས་སྐྱོང་དང་སེམས་ཁུར་ལྷག་མེད་བྱེད་བཞིན་ཡོད་མོད། ཡིན་ནའང་ཁོ་རང་འགྲན་སློང་གིས་ཁེངས་པའི་དམག་སྒར་ནང་ཞུགས་ཡོད་པ་རེད། ལོ་ན22ནི་བློ་སྟོབས་རབ་ཏུ་འཕེལ་བའི་ན་ཚོད་ཡིན་པས་མི་མང་པོ་ཞིག་ཏག་ཏག་སྤྱི་ཚོགས་སུ་གོམས་སྦྱོང་བརྡར་གསུམ་བྱེད་སྒང་ཡིན་སྟབས། ལས་རིགས་དང་ཕུགས་འདུན་ལ་ཐར་ཐོར་དུ་གྱུར་ནས་དམིགས་ཡུལ་གསལ་པོ་མེད་མོད། འོན་ཀྱང་ཁོ་རང་ལ་མི་ཚོས་བསྟོད་བསྔགས་བྱེད་འོས་པའི་གཟི་བརྗིད་ཀྱི་མཚན་སྙན་ཐོབ་ཡོད་པ་རེད། ཁོའི་མིང་ལ་ཅང་ཡུས་ཟེར། དར་མདོར་བཅའ་སྡོད་བྱེད་པའི་རྫས་འགྱུར་གནོད་འགོག་གི་དྲག་ཆས་ཉེན་རྟོག་པ་ཞིག་ཡིན་པ་རེད། དམག་ནང་ཞུགས་ནས་ལོ4ཡི་རིང་ཁོ་རང་གིས་ཏན་ཏན་ཏིག་ཏིག་དང་ཡར་རྒྱས་བརྩོན་ལེན་བྱས་ཏེ་དམག་མི་ཡག་པོ་ཞིག་བྱེད་པའི་དམ་བཅའ་བཞག་ནས། དུས་རབས་གསར་པར་བཅོས་བསྒྱུར་བྱས་ནས་དམག་དཔུང་སྟོབས་ལྡན་བྱེད་པའི་ལག་ལེན་ཁྲོད་སྲ་ཞིང་བརྟན་པའི་རྐང་རྗེས་བཞག་སྟེ། ཁྱིམ་མི་དང་རང་ཉིད་ཀྱི་ལང་ཚོ་དར་ལ་བབ་པའི་སྐབས་ཀྱི་ཁ་ཆད་ལག་ལེན་བསྟར་ཏེ་མཐོ་སྒང་དམག་སྒར་ཁྲོད་ཀྱི་མིག་དཔེ་ལྟར་སར་གྱུར་པ་རེད།
དམག་མིའི་ཁྱིམ་ཚང་དུ་སྐྱེས་ཏེ་ཆུང་དུས་ནས་དམག་མི་ཞིག་བྱ་རྒྱུའི་ཆོད་སེམས་བཅངས།
ད་ལོ་ལོ་ན22ལ་སོན་པའི་ཅང་ཡུས་ནི་འཐབ་འཛིང་དཔའ་བོ་ཧང་ཅི་ཀོང་གི་ཕ་ཡུལ་ཏེ་དབྱང་གྲོང་ཁྱེར་ཀྲུང་ཅང་རྫོང་གི་མི་ཡིན་པ་རེད། ཁོའི་ཨ་ཕ་ཅང་ཁྲང་ཧྲེང་རང་རྒྱལ་བྱང་ཤར་དུ་ལོ3རིང་ལ་དམག་ནང་ཞུགས་མྱོང་བར་མ་ཟད།《དམག་མིར་ཞུགས་པའི་ལོ་རྒྱུས་ཐུང་ངུའི》ལེ་ཚན་གྱིས་ཁོ་རང་བདམས་གསེས་བྱས་ནས་བརྙན་འཕྲིན་ཐོག་ཏུ་དམག་དཔུང་གི་འཚོ་བ་དང་དམག་ནང་ཞུགས་པའི་ཚོར་སྣང་ཞིབ་བཤད་བྱེད་བཅུག་པ་རེད། ཁྱིམ་ཚང་གི་བག་ཆགས་ཟབ་མོའི་འོག2015ལོར་ལོ་ན18ལ་སོན་པའི་ཅང་ཡུས་དམག་སྒར་རུ་ཞུགས་རྗེས་མུ་མཐུད་དུ་འབད་པ་ཆེ་སྐྱེས་བྱས་ནས་གྲུབ་འབྲས་ཐོབ་པ་རེད།
ཅང་ཡུས་བྱིས་དུས་ཀྱི་དྲན་གསོའི་མེ་ལོང་དུ་ཨ་ཕ་ནི་མི་ཕལ་པ་ལས་ལྷག་པའི་མི་ཞིག་ཡིན་པ་རེད། སྐབས་དེར་རྒྱང་རིང་ལུང་ཁུག་གི་གྲོང་གསེབ་ཏུ་འཚོ་བ་རོལ་ནས་གྲོང་སྡེའི་ཡུལ་མི་ཕལ་ཆེར་ཕྱི་ཡུལ་དུ་ཕྱིན་ནས་མྱོང་རྟོགས་ཆེན་པོ་ཡོད་མཁན་ནི་ཧ་ཅང་ཉུང་བ་དང་། དམག་ནང་དུ་ཞུགས་ནས་སྦྱོང་བརྡར་བྱེད་མྱོང་མཁན་ནི་དེ་བས་ཀྱང་ཉུང་སྟབས་ཁོ་རང་གིས་ཨ་ཕ་ལ་གུས་སེམས་དེ་བས་ཆེན་པོ་བཅངས་མྱོང་བ་རེད། ཁོས་སྐད་ཆ་བཤད་པ་དང་ཡང་ན་བྱ་བ་སྒྲུབ་པ་གང་ཅིའི་ཐད་འཕྲལ་ཐག་གཅོད་ཐུབ་པར་མ་ཟད། ད་དུང་མི་གཞན་པར་རོགས་རམ་བྱེད་སྙིང་སྤྲོ་བས་ཚང་མས་ཁོ་ལ་ཧ་ཅང་བརྩི་འཇོག་བྱས་པ་རེད། ང་རང་གིས་ཆུང་དུས་ནས་ཨ་ཕའི་དམག་གོས་གྱོན་ནས་བརྒྱབ་པའི་འདྲ་པར་དེར་ལྟ་དགའ་ཡོད། ཁོ་རང་དང་མཉམ་དུ་འགྲོ་སྐབས་ཉེན་མེད་ཀྱི་ཉམས་སྣང་ཡོད་འདུག སྔོན་བྱུང་གི་དོན་དག་དེར་ཕྱིར་དྲན་བྱེད་སྐབས་ཅང་ཡུས་ཀྱི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཁེངས་པ་རེད།
ལོ་ན་གཞོན་པའི་དུས་སུ་ཅང་ཡུས་ཀྱིས་ཁོ་རང་གི་ཨ་ཕ་དེ་ཧ་ཅང་མི་ངར་པོ་ཞིག་ཡིན་སྣང་འཆར་མྱོང་། ཅང་ཁྲང་ཧྲེང་དམག་ཁུངས་ནས་ཕྱིར་ལོག་རྗེས་སྔར་བཞིན་དམག་དཔུང་གི་འཚོ་བའི་གོམས་གཤིས་ལོབ་ནས། ཉལ་ཆས་ལེགས་པོ་ལྟེབ་པ་དང་གྱོན་གོས་ཆ་སྙོམས་པོ་གྱོན་པ། འཁྲུད་ཆས་དག་གཏན་འཁེལ་འཇོག་པ། ཕོར་པ་གཙང་འཁྲུད་བྱེད་པ་བཅས་བྱ་དགོས། འགག་རྩ་ནི་ཁོ་རང་གིས་རང་བཅུན་ནན་པོ་དང་ཚད་ལྡན་གྱི་འཚོ་བའི་གོམས་གཤིས་འདི་ལང་ཚོ་དར་ལ་བབ་པའི་ཅང་ཡུས་ལ་དེ་ལྟར་ཨུ་ཚུགས་བྱེད་བཅུག་པ་རེད། གལ་སྲིད་ཅང་ཡུས་ཁོ་རང་གི་དམིགས་ཚད་ཐོག་སླེབས་མེད་ན་ཆུང་ན་སྐྱོན་བརྗོད་ནན་པོ་དང་ཆེ་ན་ལུས་ཆད་གཅོད་པ་རེད། སྐབས་དེར་གྲོང་སྡེའི་ནང་ལོ་ན་འདྲ་མཉམ་གྱི་མི་ཚོས་སྐམ་པ་སེལ་ཆེད་ནམ་རྒྱུན་ཁྱིམ་མཚེས་ཀྱི་ཤིང་ཏོག་འཐོག་ནས་ཟ་བཞིན་ཡོད་ཀྱང་ཁྱིམ་མཚེས་ཀྱིས་མི་དེ་ཚོར་གཤེ་གཤེ་གཏོང་བ་མ་རེད། ཡིན་ནའང་ཨ་ཕས་ང་རང་ལ་མཐའ་གཅིག་ཏུ་དེ་ལྟར་བྱེད་མི་བཅུག་པ་རེད།
མཐོ་རིམ་སློབ་འབྲིང་གི་ལོ་རིམ་དང་པོ་ནས་བཟུང་ཨ་ཕས་ཅང་ཡུས་ལ་རྒྱག་རྡུང་དང་གཤེ་གཤེ་གཏོང་མ་མྱོང་བར་མ་ཟད་ངང་རྒྱུད་རིང་པོའི་སྒོས་སློབ་གསོ་བྱས་པ་རེད། དེའི་དུས་ཅང་ཡུས་ཀྱིས་ཨ་ཕས་ཁོ་རང་ལ་དམག་དཔུང་གི་ལོ་རྒྱུས་བཤད་པར་ཧ་ཅང་ཉན་འདོད་ཡོད་པ་རེད།
ཨ་ཕ་ལ་གུས་ཤིང་སྐྲག་པ་དང་བསམ་ཤེས་བྱེད་པར་བརྟེན་ནས། ཅང་ཡུས་ཀྱིས་མཐོ་རིམ་སློབ་འབྲིང་གི་ལོ་རིམ་དང་པོ་ནས་བཟུང་དམག་ནང་ཞུགས་པའི་སེམས་ཐག་བཅད་ཅིང་། དམག་ནང་དུ་ཞུགས་པའི་གཞི་རྩའི་ཆ་རྐྱེན་འཛོམས་ཆེད། མཐོ་རིམ་སློབ་འབྲིང་གི་ལོ་རིམ་དང་པོའི་སྐབས་ནས་བཟུང་ཁོ་རང་གིས་བང་རྒྱུག་བྱེད་འགོ་བཙུགས་ནས་ལུས་པོར་སྦྱོང་བརྡར་བྱ་རྒྱུར་རྒྱུན་འཁྱོངས་ལྷོད་མེད་བྱས་པ་རེད།
མཐོ་སྒང་གི་དཀའ་སྡུག་ལ་མི་འཛེམས་ནས་དམག་མི་ཡག་པོ་ཞིག་བྱ་རྒྱུའི་ཆོད་སེམས་བཅངས།
2015ལོར་ཅང་ཡུས་མཐོ་འབྲིང་ལོ་རིམ་གསུམ་པ་འདོན་པའི་སྐབས་སུ་སློབ་གྲོགས་མང་ཆེ་བས་སློབ་ཆེན་དུ་རྒྱུགས་འཕྲོད་རྒྱུར་དམིགས་ནས་འབད་བརྩོན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོའི་དམིགས་ཡུལ་ནི་དམག་དཔུང་ནང་ཞུགས་རྒྱུ་དེ་ཡིན་ཞིང་ཉིན་ལྟར་དམག་མི་བསྡུ་རྒྱུར་རེ་སྒུག་བྱས་ནས་བསྡད་ཡོད་པ་རེད། རྗེས་སུ་དམག་བསྡུས་ལུས་བརྟག་ཁྲོད་ཅང་ཡུས་ཀྱིས་འཆམ་སྨན་འཐུང་ཡོད་པའི་རྐྱེན་གྱིས་ཐོག་མའི་ཁྲག་བཤེར་ཁྲོད་གནས་ཚུལ་ཅུང་བུད་ནས་འཕྲོད་མ་བྱུང་ཡང་ཡང་བསྐྱར་ཞིབ་བྱེད་སྐབས་ཡག་པོར་འཕྲོད་བྱུང་བ་རེད།
2015ལོའི་སྤྱི་ཟླ9པར། ཅང་ཡུས་དམག་སྒར་ལ་ཞུགས་ཏེ་གྲ་སྒྲིག་དམག་མི་ཞིག་ཏུ་གྱུར་ཡོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་དམག་དཔུང་གི་འཚོ་བ་དང་རང་ཉིད་ཀྱི་སྔོན་བསམ་ཅུང་མི་འདྲ་བ་རེད། ཁོ་ཐོག་མར་དམག་སྒར་ལ་ཐོན་དུས་བློ་ཕམ་དུ་འཇུག་པའི་རྒྱུ་རྐྱེན་གསུམ་ཡོད་པ་སྟེ། གཅིག་ནི་དམག་མི་གསར་པའི་སྦྱོང་བརྡར་ནི་རང་གིས་སྔོན་བསམ་ལྟར་སེམས་ཤུགས་རབ་ཏུ་རྒྱས་པའི་སྦྱོང་བརྡར་ཞིག་མིན་པ། ཉིན་ལྟར་ཉལ་ཐུལ་ལྟེབ་རྩེག་དང་གོམ་པ་སྤོ་སྟངས་སོགས་ཡིན་པས་དེ་དག་ནི་ཕའི་གམ་དུ་སྔར་ནས་སྦྱངས་ཟིན་པས་བསྐྱར་སྦྱོང་བྱེད་མི་འདོད་པ། གཉིས་ནི་ང་ཚོའི་དམག་སྒར་དེ་ས་མཐོར་གནས་ཡོད་པས་སྤྱི་ཟླ10པ་ཙམ་ནས་ཁ་བ་བབས་པ་དང་འཁྱག་རོམ་འཁྱགས་པ། མཁའ་རླུང་ཁྲོད་ཀྱི་དབྱང་རླངས་འདུས་ཚད་དམའ་བས་སྦྱོང་བརྡར་སྐབས་སུ་ཤུགས་རྐྱེན་ཐེབས་པ་རེད། གསུམ་ནི་སྦྱོང་བརྡར་ཁྲོད་ཆེས་ཡིད་མུག་པ་ནི་རང་ཉིད་རྗེས་སུ་ལུས་པ་སྟེ། ཁོ་རང་དམག་ནང་ཞུགས་དུས་ལུས་པོའི་ལྗིད་ཚད་རྒྱ་མ161ཡོད་ཅིང་། ཉིན་ལྟར་ཞོགས་པར་སྨི3000ལྷག་ལ་རྒྱུག་སྦྱོང་བྱས་ཏེ་ལོ་གང་མང་སོང་ཡང་དམག་སྒར་དུ་སླེབས་རྗེས་རྒྱུག་མི་ཐུབ་པའི་དོན་གང་ཡིན་ནམ་བསམ་ནས་འགྱོད་པ་སྐྱེས་ཤིང་དཀའ་ངལ་མང་པོ་འཕྲད་ཡོད་མོད། འོན་ཀྱང་ཨ་ཕའི་རེ་སྒུག་དང་སྔོན་ཆད་ཀྱི་ཕུགས་འདུན་གྱིས་ཁོ་ལ་རྒྱུན་འཁྱོངས་བྱ་དགོས་པའི་སྐུལ་མ་བཏང་། དེའི་ཐོག་ཆེས་སེམས་འགུག་ཐེབས་པ་ཞིག་ནི་དམག་མི་རྒན་གྲས་ཀྱི་སྙན་ཞུའི་ཚོགས་འདུ་ཞིག་ཡིན་ཞིང་། ཚོགས་འདུའི་ཐོག་དམག་མི་རྒན་གྲས་དེ་དག་ཀྱང་རང་ཉིད་དང་འདྲ་མོའི་དཀའ་ངལ་མང་པོ་འཕྲད་མྱོང་བར་འབད་བརྩོན་གང་མང་བྱས་མཐར་དམག་དཔུང་ནང་གི་འཇོན་ཐང་ཅན་དུ་གྱུར་ཡོད་པར་ཤེས། སྐབས་དེར་ཁོས་གློ་བུར་དུ་རྟོགས་སད་དེ་གཞན་གྱིས་བྱ་བ་སྒྲུབ་ཐུབ་ན་ངས་ཀྱང་སྒྲུབ་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ་བསམས་ནས་དམག་མི་ཡག་པོ་ཞིག་བྱ་རྒྱུའི་ཆོད་སེམས་བཅངས་པ་རེད།
ཆོད་སེམས་འཆང་ན་བྱ་སྤྱོད་སྤེལ་དགོས། ཅང་ཡུས་ཀྱིས་ཐོག་མར་ལུས་ཀྱི་ལྗིད་ཚད་དམའ་རུ་གཏོང་བ་ནས་འགོ་བཙུགས་ཏེ་སློབ་ཁྲིད་བྱེད་མཁན་དམག་དཔོན་གྱིས་ཉིན་རེའི་ཞོགས་པར་སྨི3000ལ་རྒྱུག་དགོས་པའི་རེ་བ་བཏོན། ཁོས་སྨི6000རྒྱུག་པ་དང་རྒྱུག་མ་ཚར་ནའང་འགྲོ་ནས་ཚར་བཅུག་པ་རེད། མཚན་མོའི་ཆུང་ལྔ་སྦྱོང་བརྡར་ཁྲོད་གཞན་གྱིས“བརྒྱ་ཕྲག་གཉིས་བླངས་ན་ཁོ་ཡིས་བརྒྱ་ཕྲག་གསུམ་བསྣན་པ་དང་། དེ་ནས་བརྒྱ་ཕྲག་བཞི་རུ་བསྣན། ཟླ་བ་གཉིས་ཙམ་གྱི་རྗེས་སུ་ཁོའི་ལུས་ཀྱི་ལྗིད་ཚད་རྒྱ་མ28དམའ་རུ་སོང་བ་དང་གསུས་པའི་ཤ་ལྷག་ཀྱང་ཤ་གནད་དུ་གྱུར་ཡོད། མཐར་དམག་གསར་དཔྱད་ཞིབ་སྦྱོང་བརྡར་ཁྲོད་གྲུབ་འབྲས་ཡག་པོ་བླངས་ནས་དྲག་ཆས་ཉེན་རྟོག་དམག་དཔུང་སི་ཁྲོན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་གི་སྐབས་བསྟུན་ཡན་ལག་རུ་ཁག་གཉིས་པའི་དམག་འཐབ་རོགས་སྐྱོར་རུ་ཆེན་གྱི་རྫས་འགྱུར་སྔོན་འགོག་ལས་དོན་ལ་ལས་བགོས་བརྒྱབ་པ་རེད།
རྒྱུན་ཆད་མེད་པར་དཀའ་སྤྱད་སྡུག་རུས་བྱས་མཐར་ནུས་རྩལ་ཀུན་ལྡན་གྱི་རྩེ་གྲའི་དམག་མི་ཞིག་ཏུ་གྱུར།
དམག་གསར་སྦྱོང་བརྡར་གྱི་རྨང་གཞི་དང་ཆོད་སེམས་བརྟན་པོར་ཡོད་པས་ཅང་ཡུས་ཀྱིས་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་རྩལ་ནུས་ཡིན་ནའང་འདྲ། ཆེད་ལས་རྩལ་ནུས་ཡིན་ནའང་འདྲ་འབད་འབུངས་ཡར་བརྩོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་དང་བྱེད་བཞིན་ཡོད་པ་རེད།
རྫས་འགོག་དམག་མི་ནི་དབུགས་འབྱིན་རྔུབ་ལ་ཡང་རང་དབང་མེད་པའི་དམག་རིགས་ཤིག་ཡིན། འགོག་སྲུང་སྒྲིག་ཆས་མགྱོགས་མྱུར་དང་ཚད་ལྡན་ངང་གྱོན་ཐུབ་མིན་དེ་དམག་མིས་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཐུབ་མིན་དང་འབྲེལ་བ་ཡོད་ལ། དམག་མི་རང་ཉིད་ཀྱི་ཚེ་སྲོག་ཉེན་མེད་ཡོང་བ་ལ་ཡང་འབྲེལ་བ་ཡོད་པ་རེད། ཅང་ཡུས་གནས་སའི་དམག་དཔུང་གིས་ལས་གཞི་འདིར་དམ་འཛིན་ནན་མོ་བྱས་ཤིང་། དམག་མིས་དུས་རྒྱུན་གྱི་སྦྱོང་བརྡར་ཁྲོད་ཚ་གདུང་དང་གྲང་ངར། དབྱང་དབུགས་མི་འདང་བའི་གནས་ཚུལ་འོག་འོས་འགན་འགྲུབ་དགོས་པ་རེད། འོན་ཀྱང་ཅང་ཡུས་ཀྱིས་ཐོག་མ་ཉིད་ནས་སྡུག་སྐད་མི་རྒྱག་པར་མ་སྐུལ་དང་བླངས་ཀྱིས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེར་རྐྱང་གིས་འགུལ་སྟངས་ཤིག་ཐེངས་སྟོང་ཕྲག་ལ་སྦྱོང་བརྡར་བྱས་པ་རེད། དམག་དཔུང་ནང་ཞུགས་ནས་ཟླ་བ་གཅིག་ཙམ་གྱི་རྗེས་སུ་ཁོ་ནི་སྐད་གྲགས་ཆོད་པའི་ལག་མགྱོགས་པ་ཞིག་ལ་གྱུར་ཡོད། འགོག་སྲུང་སྒྲིག་ཆས་གྱོན་རྒྱུའི་ཚད་གཞིའི་དུས་ཚོད་སྐར་ཆ90ཡིན་པ་དེ་ཁོས་སྐར་ཆ60ཡི་ནང་ལེགས་གྲུབ་ཐུབ་ཀྱི་ཡོད། མི་རིང་བར་ཁོ་དྲག་ཆས་ཉེན་རྟོག་དམག་དཔུང་རྩ་འཛུགས་ཀྱི་རྫས་འགྱུར་སྔོན་འགོག་ཆེད་ལས་ཀྱི་གཅིག་སྡུད་སྦྱོང་བརྡར་ནང་ཞུགས་སྐབས། དམག་འཐབ་ཚན་པ་གཞན་དག་གི་དམག་མི་མི་ཉུང་བ་ཞིག་གིས་སྐར་ཆ40ལྷག་ཙམ་ནང་འགོག་སྲུང་སྒྲིག་ཆས་གྱོན་ཐུབ་པ་དེས་ཁོ་ལ་སྒུལ་ཤུགས་འཕེལ་བར་བྱས་ཡོད། ཁོས་རང་ཉིད་ལ་གཡུལ་སར་སྐར་ཆ་གཅིག་གི་སྔ་བ་འགོག་སྲུང་སྒྲིག་ཆས་གྱོན་རྒྱུ་བྱུང་ན་ལས་འགན་གྱི་འགན་ལེན་ཡོང་ཐུབ་ཅེས་བཤད། ཟླ་བ3སོང་རྗེས་ཁོས་སྐར་ཆ35ཡི་ནང་འགོག་སྲུང་སྒྲིག་ཆས་གྱོན་ཐུབ་པ་དང་ཆབས་ཅིག ཁོས་སློབ་ཚན་དེའི་ཐོག་ཕྱོགས་བསྡོམས་བྱས་པའི་ཉམས་མྱོང་ཡང་སློབ་སྦྱོང་ཁྱབ་གདལ་བཏང་བ་རེད།
མགྱོགས་མྱུར་དང་གནད་སྨིན་ངང་ལག་བསྟར་བྱ་རྒྱུ་ནི་རྫས་འགྱུར་འགོག་སྲུང་དམག་གི་རྩལ་ནུས་གལ་ཆེན་ཞིག་ཡིན་ཞིང་། རྣམ་གྲངས་དེའི་སྦྱོང་བརྡར་ཁྲོད་དམག་མི་ཚོས་སྐར་ཆ་བཅུའི་ནང་ཚུན་དུ་ཆུ་སྤྱོད་མེ་མདའ་བརྒྱབ་ནས་ལི་སྨི10ཡོད་པའི་ལྕགས་ལེབ་ཀྱི་འབེན20ལ་གནད་ལ་འཁེལ་བའི་ངང་བརྒྱག་དགོས་ཀྱི་ཡོད། ཅང་ཡུས་ཀྱིས་མ་སྐུལ་དང་བླངས་ཀྱིས་དཀའ་ཚད་མཐོ་རུ་བཏང་སྟེ་འབེན་དེ་ཕིང་ཕང་སྤོ་ལོར་བརྗེས་ནས་བརྒྱབ་པ་དང་དེ་རྗེས་འབེན་དེ་ལི་སྨི1.5ཅན་གྱི་ཤེལ་རིལ་ལ་བརྗེས་ནས་བརྒྱབ་ཡོད་པས། གྲུབ་འབྲས་ཐོབ་ཚད་བརྒྱ་ཆའི90ལ་བསླེབས་ཡོད་པས་ཚང་མས་བོག་པ་ཞེས་མིང་བཏགས་ཡོད་པ་རེད།
དུས་ཡུན་རིང་པོའི་དཀའ་སྤྱད་སྦྱོང་བརྡར་བྱས་པའི་ཁྲོད་དུ་ཅང་ཡུས་འབྲིང་རིམ་དམག་དཔུང་ཡོངས་ཀྱི་ལས་སྒོའི་རྐང་འཛིན་པར་གྱུར་པ་དང་ཆེད་ལས་རྩལ་ནུས་ཁག་ཚང་མ་ཨང་དང་པོ་དང་གཉིས་པ་བླངས་ཡོད། ཁོས་ད་དུང་སྙིང་རུས་ཆེན་པོས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་བཞིན་ཡོད། 《ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་སྐོར་གྱི་རྣམ་བཤད》དང 《གཙང་སེལ་ལག་རྩལ།》 《རྫས་འགྱུར་འགོག་སྲུང་ལག་རྩལ། 》《རྫས་འགྱུར་མཚོན་ཆ》སོགས་ཀྱི་དཔེ་དེབ་ཚང་མར་ཁོས་ཐེངས་མང་པོ་བལྟས་མྱོང་ཞིང་། ཧྥུའུ་ཀྲོའུ་བཀོད་འདོམས་སློབ་གླིང་དུ་གསོ་སྦྱོང་བྱེད་རིང་ཁོས་སྔ་ལངས་ཕྱི་ཉལ་གྱིས་སློབ་མཇུག་སྒྲིལ་བའི་འགྲན་བསྡུར་ཁྲོད་སློབ་ཚན་རྐྱང་པའི་ཨང་དང་པོ་བླངས་པར་མ་ཟད། སྤྱི་ཁྱབ་རུ་ཁག་གིས་རིམ་པ་གཉིས་པའི་བྱས་རྗེས་ཐེངས་ཤིག་བཞག་ཡོད། དེ་མིན་ཅང་ཡུས་མ་སྐུལ་དང་བླངས་ངང་ཏང་རྩ་འཛུགས་ཀྱི་ཕྱོགས་སུ་བཅར་ནས་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10