ཡིག་གཟུགས་ཀྱི་དྲི་ཞིམ་འཐུལ་བའི་ཞིང་ཁམས།

ཨོ་རྒྱན་དོན་གྲུབ།        2019-06-28

ཡིག་གཟུགས་ཀྱི་དྲི་ཞིམ་འཐུལ་བའི་ཞིང་ཁམས།

   དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་ཡིག་གཟུགས་འགྲན་སྡུར་སྐབས་དྲུག་པའི་ཟུར་བྲིས།


     སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་བོད་ཀྱི་ལྗོངས་ཞེས་གྲགས་པའི་ཡུལ་ཁམས་འདིར་སྔོན་བྱོན་གྱི་ཡིག་མཁན་ཁྲི་མ་འབུམ་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་བྱུང་ཞིང་།  སྟག་གཟིག་སྤུངས་ཡིག་ཅེས་བྱ་བའི་ཡིག་གཟུགས་དེ་ནི་རི་གངས་ཅན་པའི་བོད་ཀྱི་ཡི་གེའི་གཟུགས་ཀྱི་ཐོག་མ་དེ་ཡིན་པར་གྲགས་ཤིང་། སྟག་གཟིག་སྤུངས་ཡིག་བྱུང་བའི་དུས་ནི་གཡུང་དྲུང་བོན་ཆོས་བཏོད་པའི་དུས་དང་མཚུངས་ཤིང་། སྐབས་དེར་ལྷ་བབས་ཡི་གེ་དང་། གཟི་ཡིག  སྨར་ཆེན། སྨར་ཆུང་སོགས་ཡིག་གཟུགས་མང་པོ་བྱུང་ཡོད། བཙན་པོ་རྣམས་ཀྱི་སྐུ་རིང་ལ་དབུ་ཅན་ཡིག་གཟུགས་གྲགས་ཅན་བརྒྱད་བྱུང་བ་ནི་སྦལ་ནག་བགྲད་འདྲ། མུ་ཏིག་སྟར་བརྒྱུས། སོ་ཕག་གཤིབ་འདྲ། སེང་གེ་གནམ་མཆོངས། ནས་སྔོན་ཕྱིང་དཀར་ཐོག་བཀྲམ་འདྲ། བྱ་ཕོ་འཇོལ་འདྲ། ཉ་མོ་ཆུ་ནང་ནས་འཕྱུར་འདྲ། སྦུ་ནག་དྲུད་འདྲ་བཅས་དང་། བརྡ་ཡིག་དང་། འཕྲུལ་ཡིག  གཏེར་ཡིག་སོགས་ཡིག་གཟུགས་ངོ་མཚར་ཅན་བཅུ་ཕྲག་ཁ་ཤས་བྱུང་ཡོད་པ་རེད།

    བསྟན་པ་སྔ་དར་གྱི་དུས་མཇུག་ཏུ་ཁྱུང་པོ་གཡུ་ཁྲི་ནས་དཀྱིལ་འཁོར་གི་ཐིག་ཚད་འགོད་ཕྱོགས་ལྟར་དབུ་ཅན་ལ་ཆ་ཚད་བཟོས་ནས་བཀས་བཅད་ལྟ་བུའི་ཁྱུང་པོ་གཡུ་ཁྲིའི་ཕྱག་བྲིས་ཞེས་པ་སྟེ་ཁྱུང་བྲིས་གཏན་འཁེལ་བྱུང་རྗེས་དབུ་ཅན་གྱི་ཡིག་གཟུགས་ལ་འགྱུར་བ་ཆེན་པོ་བྱུང་མེད།  བསྟན་པ་སྔ་དར་དང་ཕྱི་དར་བར་ལ་བར་གསར་ཟེར་བའི་ཡིག་གཟུགས་དམིགས་བསལ་བ་ཞིག་བྱུང་བ་དང་། བསྟན་པ་ཕྱི་དར་ཀྱི་སྐབས་སུ་རྗེ་ས་པཎ་དང་འགྲོ་མགོན་ཆོས་འཕགས་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་གསེར་གནག་གི་ཕ་བོང་ལྟ་བུ་ཁོང་ཅག་གིས་བོད་ཀྱི་ཡིག་གཟུགས་ཀྱི་རྒྱུན་ལེགས་པར་མཐུད་དེ་དུས་རབས་འདིར་བསླེབས། སྔོན་བྱོན་གྱི་མེས་པོ་ཁོང་ཅག་གིས་རྩོམ་པ་ལེགས་ཀྱང་སུག་བྲིས་མི་འཇོན་ན།། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ་ཞེས་སོགས་སྡོམ་ཚིག་བཀོད་ནས་བྲིས་གཟུགས་ལག་རྩལ་ལ་དཔེ་མི་སྲིད་པའི་མཐོང་ཆེན་གནང་བ་ཡོད་འདུག་པ་རེད།

ཡིག་གཟུགས་ཀྱི་དྲི་ཞིམ་འཐུལ་བའི་ཞིང་ཁམས།
ཡིག་གཟུགས་ཀྱི་དྲི་ཞིམ་འཐུལ་བའི་ཞིང་ཁམས།

    དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ཚ་རླབས་དྲག་ཏུ་འཕྱུར་བའི་རླབས་རྒྱུན་དང་བསྡོངས་ནས་བོད་ཀྱི་ཡིག་གཟུགས་གི་བསྟན་པ་ཡང་དེང་རབས་བརྡ་འཕྲིན་ཚན་རྩལ་གྱི་གཤོག་པ་ཐོགས་ནས་ས་སྒང་གོ་ལ་རིལ་མོའི་སྒང་ནས་འཛམ་གླིང་མི་རིགས་ཀུན་གྱི་མིག་སྔར་རོལ་མྱོང་གི་དཔལ་དུ་འཁྲུངས་ཤིང་། འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་བཀོད་པ་དང་འཛམ་གླིང་གཟུགས་མེད་རིག་གནས་ཤུལ་བཞག་གི་ཟིན་ཐོར་ཚུད་པ་སོགས་བོད་ཀྱི་ཡིག་གཟུགས་ཀྱི་བསྟན་པ་ལ་སྔར་མེད་ཀྱི་འཕེལ་རྒྱས་དྲག་ཏུ་ཕྱིན་ནས་རིགས་མི་གཅིག་པའི་སྐྱེ་འགྲོ་ཕོ་མོ་ཀུན་གྱིས་ངོ་མཚར་དུ་འཛིན་ཞིང་འཛམ་གླིང་རིག་པའི་བང་མཛོད་དུ་ནོར་བུ་འོད་འབར་མ་དེར་གྱུར་ཡོད་པ་རེད། བོད་ཀྱི་ཡུལ་གྲུ་རིང་མོའི་ས་ཆ་སྟོད་སྨད་བར་གསུམ་ཀུན་ཏུ་གཞུང་སྒེར་གཉིས་ཀྱི་ངོས་ནས་བོད་ཀྱི་ཡིག་གཟུགས་ཀྱི་མཐུན་ཚོགས་བཙུགས་པ་དང་ཡིག་གཟུགས་འགྲན་སྡུར་རབ་དང་རིམ་པ་སྤེལ་བ། ལོ་རེའི་སྤྱི་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་གྲངས་ཀྱི་རྟེན་འབྲེལ་དུ་བརྩིས་ནས་ཡིག་གཟུགས་དུས་ཆེན་དབུ་བརྙེས་པ་སོགས་ཡིག་གཟུགས་ཀྱི་ལས་རིགས་འདི་ལ་དཔེ་མི་སྲིད་པའི་མཐོང་ཆེན་གནང་ཡོད་པ་རེད། 

སྤྱི་ལོ2019ལོའི་ཟླ6པའི་ཚེས24ཉིན་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ་དང་། སློབ་མའི་ཡིག་གཟུགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་ཆེད་དུ་བདུན་གཅིག་ཏང་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་འགྲན་སྡུར་སྐབས་དྲུག་པ་དེ་བརྗོད་གཞིར་བཟུང་ནས་སློབ་འབྲིང་སློབ་མའི་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ་ཡོད་པ་རེད། ཡིག་གཟུགས་འགྲན་བསྡུར་གྱི་བྱ་འགུལ་འདི་བརྒྱུད་ནས་སློབ་མའི་ཡིག་གཟུགས་ཀྱི་གཞི་རྩའི་ནུས་པ་ལྟ་ཞིབ་དང་ཡིག་གཟུགས་ལ་བཅངས་པའི་སྤྲོ་བ་སྔར་ལས་འཕེལ་བར་རམ་འདེགས་ཤིག་བྱས་ཤིང་། དུས་མཚུངས་སུ་བྱ་འགུལ་འདི་བརྒྱུད་ནས་སློབ་མ་རང་རང་གི་ནུས་རྩལ་ངོམས་སའི་གར་སྟེགས་ཤིག་ཀྱང་བསྐྲུན་ཡོད་པས་སོ་སོའི་སོར་མོའི་འདུ་བྱེད་ཀྱི་སྟངས་སྟབས་ལས་ངོ་མཚར་བའི་ཡིག་གཟུགས་ཀྱི་བརྩམས་ཆོས་གང་མང་ལེགས་པར་གྲུབ་པས་ཡིག་གཟུགས་སྒྱུ་རྩལ་གྱི་བྱ་གཞག་རླབས་པོ་ཆེ་འདི་སྔར་ལས་ཀྱང་བརྒྱུད་འཛིན་དང་འཕེལ་རྒྱས་ལ་རམ་འདེགས་ཕུན་སུམ་ཚོགས་པོ་ཐེབས་ཡོད་པ་རེད།

   སློབ་གྲྭའི་གོང་རིམ་འགོ་ཁྲིད་དང་ཀུན་སྤྱོད་སློབ་གསོའི་གཞུང་ལས་ཁང་། གུང་གཞོན་ཚོགས་པ་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཁག་གིས་རྒྱ་བོད་ཡིག་གི་ཡིག་གཟུགས་ཆེད་མཁས་དགེ་རྒན་དག་ཐེངས་འདིའི་ཡིག་གཟུགས་འགྲན་སྡུར་གྱི་དཔྱད་འདེམས་པར་བསྐོ་བཞག་བྱས་ཤིང་། ཁོང་ཚོས་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་ཐེངས་འདིའི་གཞོན་སྐྱེས་རིག་རྒོད་སློབ་མའི་སོར་མོའི་རྩལ་ལས་འཁྲུངས་པའི་ཕུལ་བྱུང་ཡིག་གཟུགས་བརྩམས་ཆོས་དག་ལ་དཔྱད་འདེམས་བྱས་ཡོད་པ་རེད།

   བྱ་འགུལ་འདིའི་འགྲན་སྡུར་གྱི་རེ་འདུན་དང་ནང་དོན། སྐར་མ་འགོད་སྟངས་སོགས་ལ་ཧ་ཅང་ཞིབ་ཚགས་དང་ནན་ཏན་ཆེ་ལ། འགྲན་རིམ་ལ་ཡང་དུས་རིམ་གསུམ་དུ་ཕྱེ་ཡོད་པ་སྟེ། སྤྱི་ཟླ6པའི་ཚེས18ཉིན་ཐོག་མའི་འགྲན་བསྡུར་བྱས་ཤིང་འདིར་སློབ་གྲྭའི་ཡོངས་ཀྱི་སློབ་མ་ཚང་མ་ཞུགས་ཆོག་ཅིང་། རང་རང་གི་འཛིན་གྲྭ་ནས་སོ་སོའི་ཡིག་གཟུགས་བརྩམས་ཆོས་དག་ཡིག་ནོར་མེད་ལ་ཡིག་གཟུགས་ཚད་ལྡན་དང་། མཛེས་པ། ཆེ་ཆུང་འཚམ་པ་སོགས་བྱས་ནས་འགྲན་བསྡུར་དུ་ཞུགས་ཤིང་། དེ་དག་གི་ཁྲོད་ནས་འཛིན་གྲྭ་སོ་སོའི་ཡིག་གཟུགས་ཆེས་ལེགས་པ་ལྔ་རེ་བདམས་ནས་བསྐྱར་འགྲན་ལ་ཞུགས་ཡོད་པ་རེད།  དེ་ནས་འཛིན་གྲྭ་སོ་སོར་རྒྱ་བོད་ཡིག་གི་སློབ་མ་བཞི་རེ་བདམ་ནས་སྤྱི་ཟླ6པའི་ཚེས24ཉིན་ལ་རྟིང་མའི་འགྲན་བསྡུར་དུ་ཞུགས་ཡོད་པ་རེད། འགྲན་རིམ་འདིར་འགྲན་ཞུགས་སློབ་མ་སོ་སོ་རང་རང་གིས་ཐིག་ཤིང་སྨྱུ་གུ། སྣག་ཚ་བཅས་གྲ་སྒྲིག་བྱ་དགོས་ལ། འགྲན་བསྡུར་རྩ་འཛུགས་པ་དག་གིས་གཏན་འབེབས་ལྟར་གཅིག་གྱུར་གྱིས་ཤོག་བུ་སྤྱད་རྒྱུ་དང་དུས་ཚོད་ཀྱི་ཚད་བཀག་གི་ནང་ཚུན་དུ་ཡིག་གཟུགས་ལེགས་པར་འགྲུབ་རྒྱུ། ཡིག་གཟུགས་ཚད་ལྡན་དང་ཆེ་ཆུང་འཚམ་པ། ཤོག་ངོས་གཙང་བ་སོགས་ཀྱི་བླང་བྱར་བཟུང་ནས།  ནང་དོན་ལ་ཚད་བཀག་མེད་པར་ཡིག་ནོར་དང་ཡི་གེ་ཆད་ལྷག་སོགས་འབྱུང་ན་སྒྲིག་ལམ་ལྟར་སྐར་མ་གཅད་རྒྱུ་བྱས་ནས་འགྲན་བསྡུར་སྒྲིག་ལམ་ཧ་ཅང་དམ་པོའི་སྒོ་ནས་བྱ་འགུལ་འདི་སྤེལ་ཡོད་པ་རེད།

   འགྲན་བསྡུར་རབ་དང་རིམ་པ་བརྒྱུད་ནས་དམའ་འབྲིང་དང་པོ་དང་དམའ་འབྲིང་གཉིས་པ། མཐོ་འབྲིང་བཅས་ཚན་པ་སྐོར་གསུམ་དུ་ཕྱེ་ནས་ཨང་དང་པོའི་བྱ་དགའ་ཐོབ་མཁན་དྲུག་དང་། ཨང་གཉིས་པའི་བྱ་དགའ་ཐོབ་མཁན་བཅུ་གཉིས། ཨང་གསུམ་པའི་བྱ་དགའ་ཐོབ་མཁན་བཅོ་བརྒྱད། ཕུལ་བྱུང་བྱ་དགའ་ཐོབ་སུམ་ཅུ་ཐམ་པ་བཅས་ལ་བྱ་དགའི་གཟི་བརྗིད་དཔང་ཡིག་དང་བྱ་དགའི་རྟགས་མ་བཅས་སྤྲད་ཡོད་པ་རེད།

   དཀར་མཛེས་རྫོང་མི་རིགས་སློབ་འབྲིང་ནི་དཀར་མཛེས་རྫོང་མཁར་གྱི་བྱང་ངོས་སུ་ཆགས་ཤིང་། སྤྱི་ལོ1957ལོར་ཐོག་མར་བཙུགས་པ་ཡིན་ལ།  དཀར་མཛེས་བྱང་རྒྱུད་ཀྱི་སྐད་གྲགས་ཅན་གྱི་སློབ་འབྲིང་ཞིག་ཡིན། མིག་སྔར་དགེ་རྒན185དང་ལས་བཟོ་བ33བཅས་ཁྱོན་དགེ་རྒན་དང་ལས་བཟོ་བ་མི་གྲངས218ཡོད། སློབ་གྲྭ་ཡོངས་ལ་འཛིན་གྲྭ48ཡོད་པ་དང་སློབ་མའི་བསྡོམས་འབོར་མི་གྲངས2660ཡོད། དེའི་ནང་དམའ་འབྲིང་གི་སློབ་མ2233དང་མཐོ་འབྲིང་གི་སློབ་མ427ཡོད། རིགས་དང་པོའི་དམའ་འབྲིང་གི་སློབ་མ1664དང་རིགས་གཉིས་པའི་སློབ་མ569ཡོད་པ་རེད།

   དཀར་མཛེས་རྫོང་མི་རིགས་སློབ་འབྲིང་ནི་ལོ་རྒྱུས་ཡུན་རིང་ཞིང་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་རིམ་པ་ཁག་གི་འགོ་ཁྲིད་དང་སྡེ་ཚན་ཁག་གི་རྐང་འཛིན་གཞུང་ཞབས་མི་སྣ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་འབོར་ཆེན་སྐྱེད་སྲིང་གནང་བའི་བྱས་རྗེས་འབུར་དུ་ཐོན་པས། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཁུལ་སློབ་གསོ་ལུས་རྩལ་ཅུས་སོགས་འབྲེལ་ཡོད་ལས་ཁུངས་དག་གིས་དཔལ་ཡོན་ལྡན་པའི་ལས་ཁུངས་དང་སྔོན་ཐོན་སློབ་གྲྭ། སློབ་གསོ་སྔོན་ཐོན་སོགས་ཀྱི་མཚན་སྙན་གང་མང་གནང་ཡོད་པ་རེད།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་གྲོང་སྡེ40ལ་རྒྱལ་ཁབ་རྟགས་ཅན་གྱི་མིང་བྱང་ཐོབ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་མཐོ་རིམ་སློབ་འབྲིང་ནས་འབྱོར་བའི་འཕྲིན་བཟང་།
  • དོ་སྣང་ཆེ་བའི་རྩོམ།