སེར་ཤུལ་ཁྲོམ་གཟའ་གོང་མར་རྒྱལ་སྤྱིའི་གལ་ཆེའི་འདམ་རའི་དཔང་ཡིག་ཐོབ་ནས་རང་ཁུལ་གྱི་རྒྱལ་སྤྱིའི་འདམ་ར་ཐོག་མར་གྱུར།

ལྷ་འཛོམས་ཀྱིས་བྲིས།        2019-03-27

    ཉེ་ཆར། འཛམ་གླིང་འདམ་ར་ཉིན་མོའི་ཀྲུང་གོའི་བྱེད་སྒོ་སྤེལ་ཡུལ་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་དེ་ཧན་ནན་གྱི་མཚོ་ཁའི་ཝུའུ་ཡོན་ཧོ་རྒྱལ་ཁབ་ཀྱི་འདམ་ས་གླིང་ག་རུ་འཛུགས་གཉེར་བྱས་པ་རེད། བྱེད་སྒོའི་ཁྲོད་སི་ཁྲོན་གྱི་ཁྲོམ་གཟའ་གོང་མ་སོགས་གསར་དུ་སྣོན་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ8ལ་རྒྱལ་སྤྱིའི་གལ་ཆེའི་འདམ་རའི་དཔང་ཡིག་གནང་བ་རེད།

    སི་ཁྲོན་ཁྲོམ་གཟའ་གོང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ནི་རང་ཁུལ་གྱི་ཆེས་ཐོག་མ་དང་སི་ཁྲོན་ཞིང་ཆེན་གྱི་ཨང་གཉིས་པར་གྱུར་པའི་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་གྲས་སུ་ཚུད་པའི་འདམ་ར་ཡིན་ཞིང་། ས་མཐོའི་གྲང་ངར་ཆེ་བའི་འདམ་ར་དང་རི་དྭགས་སོགས་སྲུང་སྐྱོང་བྱ་ཡུལ་གྱི་རང་བྱུང་སྲུང་སྐྱོང་ས་ཁུལ་ཞིག་ཡིན་པས། རྒྱ་ཁྱོན་བསྡོམས་འབོར་སྤྱི་ཆིང་ཁྲི66.98ལ་ཟིན་པ་དང་དེའི་ནང་འདམ་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི18.17ལ་ཟིན་པ་རེད། སྲུང་སྐྱོང་ས་ཁུལ་དེ་ནི་མཚོ་སྔོན་གྱི་ཆུ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་ས་ཁུལ་གྱི་ལྟེ་བའི་ས་གནས་ཀྱི་མུ་འབྲེལ་ས་མཚམས་ཡིན་ཞིང་། ཉག་ཆུ་དང་རྨ་ཆུ་སྟོད་རྒྱུད་ཀྱི་གལ་ཆེའི་ཆུའི་འབྱུང་ཡུལ་ཡང་ཡིན་པས། འཛམ་གླིང་ཡོངས་ཀྱི་དོན་སྙིང་ལྡན་པའི་སྐྱེ་དངོས་སྣ་མང་སྐྱེ་འཕེལ་རང་བཞིན་གྱི་སྲུང་སྐྱོང་རིན་ཐང་ཡོད་པ་རེད།

    སི་ཁྲོན་གྱི་ཁྲོམ་གཟའ་གོང་མ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ས་ཁུལ་ནང་གི་སྐྱེ་དངོས་སྣ་མང་སྐྱེ་འཕེལ་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་ཡིན་ལ། གཅན་གཟན་གྱི་རིགས44དང་འདབ་ཆགས་རིགས155ཁྱབ་ཡོད་པ་དང་དེའི་ནང་གཉིས་འཚོ་སྲོག་ཆགས་རིགས3དང་ཉ་རིགས6ཡོད་པ་རེད། དེའི་ནང་རྐྱང་དང་ཁྲུང་ཁྲུང་སྐེ་ནག གསའ་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་དང་པོའི་སྲོག་ཆགས་དང་དོམ་ནག ངང་ཆེན་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་གཉིས་པའི་སྲོག་ཆགས་ཡོད་པ། ཨུ་ཏྤལ་དམར་པོ་སོགས་རྒྱལ་ཁབ་རིམ་པ་གཉིས་པའི་རྩི་ཤིང་རིགས4ཡོད་པ་རེད།

    2015ལོ་ནས2017ལོའི་བར་ཁུལ་ནགས་ལས་ཅུས་དང་ས་གནས་སྲིད་གཞུང་ཐུན་མོང་དུ་འབད་འཐབ་བྱས་ནས་ཆེད་རམས་པ་མང་པོ་གདན་དྲངས་ནས་རྟོག་ཞིབ་བྱས་མཐར2018ལོའི་ཟླ་བ2པའི་ཚེས2ཉིན་གྱི་ཐེངས22པའི་འཛམ་གླིང་གི་འདམ་ར་ཉིན་ལ་རྒྱལ་སྤྱིའི་འདམ་རའི་སྤྱི་ཆིངས་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་འདམ་ར་གལ་ཆེའི་མིང་ཐོ་ནང་བཞག་པ་ཁྱབ་བསྒྲགས་བྱས་པ་རེད།

ཐེངས་འདིའི་སི་ཁྲོན་ཁྲོམ་གཟའ་གོང་མ་ལ་རྒྱལ་སྤྱིའི་གལ་ཆེའི་བརླན་སའི་དཔང་ཡིག་གནང་བ་ནི་ཁྲོམ་གཟའ་གོང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་དེར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་པ་དང་རྒྱལ་ས་་སྐྱེ་ཁམས་ཉེན་མེད་དང་སྐྱེ་དངོས་སྣ་མང་སྐྱེ་འཕེལ་རང་བཞིན་ལ་སྲུང་སྐྱོང་སོགས་ཀྱི་ཐད་ལ་ནུས་པ་དེ་བས་ཆེན་པོ་འདོན་སྤེལ་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་གིས་བྱེད་ཐབས་གསུམ་སྤྱད་ནས་དབུལ་ཐར་གྲུབ་འབྲས་སྲ་བརྟན་བཏང་།
  • དོ་སྣང་ཆེ་བའི་རྩོམ།