གསེར་ཐར་རྫོང་དང་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་གྲོས་མཐུན་བཞག

ཀུན་དབང་གིས་བྲིས་ཤིས་པར་བླངས།        2019-03-11

གསེར་ཐར་རྫོང་དང་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་གྲོས་མཐུན་བཞག

   སྤྱི་ཟླ2པའི་ཚེས20ཉིན་གྱི་སྔ་དྲོ། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧོ་པིའོ་ཡིས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་མི་སྣ་ཁྲིད་དེ་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་སུ་ལས་སྒྲུབ་སྙན་ཞུ་ཕུལ་དུ་ཕྱིན་པ་རེད། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཉོའུ་ཧུང་པོའོ་ཡིས་གཙོ་སྐྱོང་གནང་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

   ཧོ་པིའོ་ཡིས་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་གསེར་ཐར་རྫོང་ལ་མཐོང་ཆེན་དང་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་ཁུར་གནང་བར་བཀའ་དྲིན་ཞུས་པས་མ་ཚད། གསེར་ཐར་རྫོང་གི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་པ་རེད། ཁོང་གིས་གསུངས་དོན།གསེར་ཐར་རྫོང་ནི་ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་རུ་བསྟན་པའི་ཁུལ་དྲུག་གི་དཔེ་མཚོན་རྫོང་དང་འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་མགོའི་གསོ་ཞིང་། ཀྲུང་ཧྭའི་ཆུ་མཛོད་ཀྱི་གཙོ་བོའི་གྲུབ་ཆ་བཅས་ཡིན་པ་རེད། གསེར་ཐར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རི་སྔོན་ཆུ་དྭངས་ནི་རིན་ཆེན་གསེར་དངུལ་ལྟ་བུ་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་འགན་སྲུང་འཛུགས་སྐྱོང་བྱས་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་ཡོང་བ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུ་གལ་ཆེའི་བྱ་བཞག་ཏུ་བརྩིས་པས་མ་ཚད། དབུལ་ཐར་འགག་སྒྲོལ་གྱི་ནགས་ལས་མཉམ་ལས་ཁང་བཙུགས་ནས་རྩྭ་ཐང་བྱེ་འགྱུར་མུའུ་ཁྲི1.56བཅོས་སྐྱོང་བྱེད་སའི་ནང་ཞུགས་པའི་ངལ་རྩོལ་མི་ལག5800ལ་ཟིན་པའི་དུས་མཚུངས་སུ། མཉམ་ལས་ཁང་གི་ལས་བཟོ་པའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2ལྷག་ལ་ཟིན་པ་རེད། སྐྱེ་ཁམས་འཛུགས་སྐྱོང་དང་དབུལ་ཐར་འགག་སྒྲོལ་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་འཛུགས་སྐྱོང་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏང་རྒྱུ་ཡིས་དམིགས་འབེན་བྱས་ཏེ། གསེར་ཐར་རྫོང་དང་ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་བྱས་པར་བརྒྱུད། རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་ཁྲོད་མུའུ1000ལྷག་ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་ཁང་ལ་བགོས་ཤིང་། མཉམ་དུ་ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་ཁང་གི་གསེར་ཐར་གྱི་ཡན་ལག་ཁང་འཛུགས་སྐྲུན་བྱས་ནས་ཐོག་མའི་གྲུབ་འབྲས་ཐོབ་པ་རེད། ཕྱིན་ཆད་ཀྱི་ལས་ཀའི་ཁྲོད་གསེར་ཐར་རྫོང་སྤྱི་ཚོགས་བརྟན་བརླིང་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་འགན་སྲུང་བྱ་རྒྱུ་ཡིན།

   ཉོའུ་ཧུང་པོའོ་ཡིས་གསེར་ཐར་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱས་པའི་ཁྲོད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་གནང་བ་རེད། ཁོང་གིས་གསུངས་དོན། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་དང་ཐུན་མོང་གི་བྱ་བཞག་དང་ཐུན་མོང་གི་དམིགས་འབེན། མཉམ་འབྲེལ་གྱི་བར་སྟོང་ཡོད་པས། མུ་མཐུད་དེ་གསེར་ཐར་རྫོང་གིས་སྐྱེ་ཁམས་འགན་སྲུང་གི་འཛུགས་སྐྱོང་ལ་རྒྱབ་སྐྱོར་གང་ལེགས་བྱ་རྒྱུ་ཡིན་ལ། གསེར་ཐར་རྫོང་གིས་ཕྱིན་ཆད་སྐྱེ་ཁམས་འཛུགས་སྐྱོང་བྱེད་པའི་ཁྲོད་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་བེད་སྤྱོད་གང་ལེགས་དང་། ཚན་རྩལ་གྱི་སྣེ་ཁྲིད་ལ་རྒྱབ་སྐྱོར་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་པ། ལྷག་པར་དུ་འདམ་ར་གླིང་ག་འཛུགས་སྐྲུན་ལེགས་པོ་བྱ་དགོས། ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་ཁང་གིས་སྣེ་ཁྲིད་དེ་ཕྱོགས་བསྡུས་བཅོས་སྐྱོང་ལ་འཆར་འགོད་འཐེན་པ། གསེར་ཐར་རྫོང་དུ་སྐྱེ་ཁམས་དང་ཚན་རྩལ། དམངས་ཕྱུག་སོགས་ཀྱི་ཕྱོགས་ནས་མཉམ་འབྲེལ་བྱེད་པ། གྲང་ལྷགས་ཆེ་བའི་ས་མཐོའི་ཡུལ་དུ་སྐྱེ་ཁམས་ལེགས་བཅོས་དང་འབྱུང་འཕྲོད་འཕེལ་རྒྱས། མི་རིགས་འཆམ་མཐུན་སོགས་ལ་ལམ་བུ་གསར་བ་གཏོད་པ། ནུས་ཤུགས་ཡོད་དགུས་གྲང་ལྷགས་ཆེ་བའི་ས་མཐོའི་ཡུལ་གྱི་རྩྭ་ཐང་སྐྱེ་ཁམས་མ་ལག་གི་ཕྱི་ཕྱོགས་ཚོད་ལྟའི་ས་ཚུགས་དེ་གསེར་ཐར་དུ་འཛུགས་རྒྱུ། འབྲོག་པ་མང་ཚོགས་ས་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོང་པར་བསྒྱུར་བ་དང་དེའི་ཁ་གྲངས་འཕར་སྣོན་འབྱུང་དུ་འཇུག་པ་བཅས་ལ་དམིགས་བསལ་གྱི་བསམ་གཞིག་གཏང་དགོས།། 


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་བུད་མེད་ཀྱི་ཁེ་དབང་འགན་སྲུང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།