ཁྱོན་ཡོངས་ནས་ས་གནས་དང་ལྕགས་ལམ་སྡེ་ཁག་བར་མཐུན་སྦྱོར་མཉམ་འགུལ་གྱི་ནང་སྲོལ་བཙུགས་ཏེ་ཐུན་མོང་དུ་ལག་གདང་སྦྲེལ་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།

ལྷ་འཛོམས་ཀྱིས་བསྒྱུར།        2019-02-25

ཁྱོན་ཡོངས་ནས་ས་གནས་དང་ལྕགས་ལམ་སྡེ་ཁག་བར་མཐུན་སྦྱོར་མཉམ་འགུལ་གྱི་ནང་སྲོལ་བཙུགས་ཏེ་ཐུན་མོང་དུ་ལག་གདང་སྦྲེལ་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།

    སྤྱི་ཟླ2པའི་ཚེས13ཉིན་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་ཚོ་ཆུང་སྣེ་ཁྲིད་གནང་སྟེ་ཁྲེང་ཏུའུ་རུ་ཁྲོན་བོད་ལྕགས་ལམ་སྤྱི་གཉེར་ཁང་དང་འབྲེལ་གཏུག་གནང་བར་མ་ཟད། ད་དུང་ཁྲོན་བོད་ལྕགས་ལམ་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་འགོ་འཛིན(ཏུང་ཧྲི་ཀྲང་།)ཝང་ཅན་ཧྲེང་དང་སྤྱི་ཁྱབ་གཙོ་གཉེར་པ་ཞུས་ཅན་ཅུན་དང་བཞུགས་མོལ་གནང་བ་རེད། ཕྱོགས་གཉིས་ཀས་སྔར་ལྷག་གིས་ཁྲོན་བོད་ལྕགས་ལམ་ལས་དཀར་མཛེས་ཁུལ་ལྕགས་ལམ་དུམ་བུ་འཛུགས་སྐྲུན་གྱི་འབྲེལ་ཡོད་དོན་དག་སྐོར་བསམ་བློ་བརྗེ་རེས་ཟབ་མོ་བྱས་ནས་ལྟ་བ་གཅིག་གྱུར་ཡོང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་དང་ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་རྩ་འཛུགས་པུའུའི་པུའུ་ཀྲང་ལིའུ་ཅེ་ཞང་བཞུགས་མོལ་ཚོགས་འདུའི་ནང་ཞུགས་ཡོད།

    ཚོགས་ཐོག་ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི118ཀྱི་ཚབ་མཛད་དེ་ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་སྤྱི་གཉེར་ཁང་དང་ཁྲོན་བོད་ལྕགས་ལམ་སྤྱི་གཉེར་ཁང་གིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་ད་དུང་རང་ཁུལ་གྱི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་གནང་བ་རེད།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་བཀོད་སྒྲིག་གནང་བ་ལས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཁུལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཐོང་ཆེན་དང་ཐུགས་ཁུར་གནང་བར་མཚོན་ཐུབ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་དུ་མེས་རྒྱལ་གཅིག་གྱུར་ཡོང་བར་འཚོ་སྲུང་། མཐའ་མཚམས་བརྟན་བརླིང་ཡོང་བ་བཅས་ཀྱི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། བོད་ཁུལ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བ་དང་རྒྱུན་སྲིང་ངང་འཕེལ་རྒྱས་གཏོང་བ། སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བ་བཅས་ཀྱི་དངོས་དོན་དགོས་མཁོ་ཡིན་ཞིང་། ལྷག་པར་དུ་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དོན་འཁྱོལ་ལག་བསྟར་བྱས་པའི་གལ་ཆེ་བའི་བྱེད་ཐབས་ཀྱང་ཡིན་པ་རེད། ལྕགས་ལམ་ལས་ཚར་རྗེས་དཀར་མཛེས་བོད་ཁུལ་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད། དེ་ནས་ལྕགས་ལམ་དེ་དཀར་མཛེས་བོད་ཁུལ་གྱིས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་འགྲོ་འོང་དང་མཉམ་འདྲེས་སྤེལ་རེས་བྱེད་ས་གཙོ་བོར་གྱུར་ཅིང་། དཀར་མཛེས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་བསམ་བློ་འདུ་ཤེས་སྒྱུར་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན་ལ། འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་གཏོང་བ་དང་སྤྱི་ཚོགས་བརྟན་བརླིང་འཚོ་སྲུང་བྱེད་པ། རྒྱལ་སྲུང་འཛུགས་སྐྲུན་སྲ་བརྟན་དུ་གཏོང་བ། ལྷོ་ནུབ་ས་ཁོངས་ཆེན་པོ་ཕན་ཚུན་འཁོར་རྒྱུག་དང་མཉམ་འདྲེས་བྱེད་ཚད་མཐོར་རུ་གཏང་རྒྱུ་ལའང་འཐབ་ཇུས་དོན་སྙིང་གལ་ཆེན་ཞིག་ཡོད་པ་རེད།

    ཁོང་གིས་བསྟན་དོན། ཁྲོན་བོད་ལྕགས་ལམ་ལས་དཀར་མཛེས་ཁུལ་གྱི་ལྕགས་ལམ་དུམ་བུའི་འཛུགས་སྐྲུན་ནི་རང་ཁུལ་དང་ལྕགས་ལམ་སྡེ་ཁག་གཉིས་ཀྱི་ཐུན་མོང་གི་ལས་འགན་ཡིན་པས། ལྕགས་ལམ་སྡེ་ཁག་དང་ས་གནས་ཕྱོགས་གཉིས་ཀས་ཏན་ཏིག་གིས་མཉམ་ལས་སྤེལ་རེས་བྱ་རྒྱུར་ཤུགས་བརྒྱབ་སྟེ་ཁྱོན་ཡོངས་ནས་མཐུན་སྦྱོར་མཉམ་འགུལ་ནང་སྲོལ་བཙུགས་ཏེ་སེམས་ཤུགས་གཅིག་ཏུ་བསྒྲིམས་ཏེ་ལས་ཀ་དོན་ཐོག་འཁྱོལ་བར་ནན་འཛིན་བྱེད་ཅིང་། བྱ་ཐབས་ནུས་ལྡན་བླངས་ཏེ་སྤུས་ཚད་དང་ཉེན་མེད་ཡོང་བར་འགན་སྲུང་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ཡོད་པས་ཨར་ལས་མགྱོགས་སུ་སྤེལ་ནས་ཁྲོན་བོད་ལྕགས་ལམ་དེ་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་དང་དམངས་སེམས་ལམ། དམངས་ཕྱུག་ལམ། འཆམ་མཐུན་ལམ་བཅས་སུ་བསྐྲུན་དགོས། ཁྲོན་བོད་གཞུང་ལམ་འཛུགས་སྐྲུན་ལས་འགན་ལྕི་ལ་ལས་ཡུན་རིང་བ། ཤུགས་རྐྱེན་ཆེ་ཞིང་འགན་འཁྲིའང་ཆེན་པོ་ཡོད། རང་ཁུལ་གྱིས་མཐའ་གཅིག་ཏུ་འཚོ་སྲུང་གཉིས་གང་ཐུབ་བྱེད་པ་དང་ལམ་གཉིས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་དང་ཞབས་འདེགས་འགན་ལེན་སོགས་ཀྱི་ལས་ཀ་ཡག་མོ་བསྒྲུབས་ཏེ་གངས་ལྗོངས་མཁའ་ལམ་གྱི་འགག་སྒྲོལ་ཆེན་པོ་ཡག་མོ་བསྒྲུབས་པ་དང་ནུས་ཤུགས་ཡོད་རྒུས་བོད་ཁུལ་གྱི་རྒྱ་ཆེ་བའི་མང་ཚོགས་ལ་ཕན་བདེ་སྐྲུན་པའི་དོན་ཆེན་དང་དོན་བཟང་འདི་ཡག་མོ་གཉེར་བ་དང་ལེགས་འགྲུབ་པར་གཞོགས་འདེགས་བྱ་རྒྱུ་ཡིན། ཁུལ་ཏང་ཨུ་དང་སྲིད་གཞུང་གིས་ཀྱང་སྣེ་ཁྲིད་དཔེ་སྟོན་བྱས་ནས་ཏང་ཡོན་ལས་བྱེད་པར་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་བརྟེན་ནས་སྒེར་ཕན་དོན་གཉེར་བྱེད་པར་གཏན་འགོག་བྱ་རྒྱུ་ཡིན།

    ཝང་ཅན་ཧྲེང་གིས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལྕགས་ལམ་འཛུགས་སྐྲུན་ལས་ཀར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་གནང་བའི་གཟི་བརྗིད་ལྡན་པའི་འགན་འཁྲི་དང་རླབས་ཆེན་གྱི་ལས་གཞི་ཞིག་ཡིན་པས། ཁྲོན་བོད་ལྕགས་ལམ་སྤྱི་གཉེར་ཁང་གིས་ཀྱང་རྒྱལ་ཁབ་ཀྱི་དོན་ཆེན་དང་མི་རིགས་ཀྱི་ཇུས་ཆེན་འདི་ཡག་མོ་གཉེར་བ་དང་ལེགས་པ་གྲུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཁྲོན་བོད་ལྕགས་ལམ་ལས་དཀར་མཛེས་ཁུལ་གྱི་ལྕགས་ལམ་དུམ་བུའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཞིབ་ཚགས་བྱས་ནས་ཁྲོན་བོད་ལྕགས་ལམ་སྤྱི་གཉེར་ཁང་གིས་སི་ཁྲོན་ནུས་བྱང་གི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་དང་ས་ཚུགས་བཀོད་སྒྲིག་ལེགས་སུ་གཏོང་བ། ཤིན་ཏུ་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ལྕགས་ལམ་འཛུགས་སྐྲུན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་སོགས་ཀྱི་ཐད་རང་ཁུལ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་དགོས་པའི་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་རྫོང་དང་གྲོང་ཁྱེར་ལྔས་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་ཞིབ་བཤེར་རྩིས་ལེན་ལས་ཀ་བསྒྲུབས།
  • ལེ་ཚན་རྗེས་མ།:མཐོ་སྒང་གི་དག་པའི་ཞིང་ཁམས་འདབ་པ།
  • དོ་སྣང་ཆེ་བའི་རྩོམ།