དེང་རབས་ཀྱི་འཕེལ་ཁ་དར་བའི་གསར་བརྗེའི་གྲོང་ཁྱེར་ལྕགས་ཟམ་ཁ།

ཨོ་རྒྱན་དང་བདེ་ཆེན་གྱིས་བསྒྱུར།        2018-12-13

སྔོན་འགྲོའི་གཏམ།

   ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་ལྕགས་ཟམ་ཟམ་པ་ནི་སི་ཁྲོན་དང་བོད་ལྗོངས་བར་གྱི་གནའ་བོའི་ཚོང་འདྲེན་གདལ་ལམ་གྱི་འགྲིམ་འགྲུལ་གྱི་འགག་མདོ་ཡིན་ལ། མི་རིགས་འཆམ་མཐུན་དང་རྒྱལ་ཁབ་གཅིག་གྱུར་ཡོང་བའི་བདེ་འཇགས་ཀྱི་ཟམ་པ་ཞིག་ཀྱང་ཡིན།རྒྱང་སྐྱོད་ཀྱི་རྒྱལ་ཁ་ཕུ་ཐག་ཆོད་ནས་ལྕགས་ཟམ་ཟམ་པ་མྱུར་འཕྲོག་བྱས་པའི་རླབས་ཆེན་བྱ་གཞག་དང་དཔའ་བོའི་མཛད་རྗེས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཁྱབ་པ་ནི་དེ་བས་ཀྱང་ཡིན།ལྕགས་ཐག་བཅུ་གསུམ་ཀྲུང་གོའི་གསར་བརྗེའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་བཀོད་ཡོད་པ་རེད།བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40རིང་ལྕགས་ཟམ་རྫོང་གི་མི་རིགས་ཁག་གི་མི་དམངས་ཀྱིས་གསར་བརྗེའི་གཞི་རྒྱུ་བཟང་པོར་རྒྱུད་འཛིན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས་དཀའ་གནད་རེ་རེ་བཞིན་འགག་སྒྲོལ་བྱས་མཐར།2017ལོར་ཁུལ་ཡོངས་ལས་དབུལ་ཐར་ཞྭ་མོ་སྔོན་དུ་ཕུད་ནས་རྫོང་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར18.46མངོན་འགྱུར་བྱུང་ཡོད།གྲོང་ཁྱེར་དང་གྲོང་རྡལ་ཡུལ་མི་མི་རེས་བཀོལ་སྤྱོད་གཏོང་ཆོག་པའི་ཆ་སྙོམས་ཡོང་འབབ་སྒོར25519 ལ་ཟིན་པ་དང་ཞིང་པ་མི་རེས་བཀོལ་སྤྱོད་གཏོང་ཆོག་པའི་ཆ་སྙོམས་ཡོང་འབབ་སྒོར11096ལ་ཟིན་པ་རེད།དུས་རབས་གསར་པར་བསླེབས་རྗེས།རྫོང་ཡོངས་ཀྱི་མི་དམངས་ཀྱིས་སྔར་ལྷག་གིས་གོ་སྐབས་དམ་འཛིན་དང་བརྩོན་པ་ལྷུར་ལེན་བྱས་ཏེ།སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་དང་ཁྲེང་ཏུའུ་ཀློང་ཐང་གི་དཔལ་འབྱོར་ས་ཁུལ་མཐུན་སྦྱོར་སྤུས་ཚད་མཐོན་པོས་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་དང་།ཞིང་ཆེན་ཡོངས་དང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་རྫོང་འཛུགས་སྐྱོང་བྱ་རྒྱུར་བརྩོན་ལེན་བྱས་ནས།གསར་བརྗེའི་གནས་ཡུལ་སྐྱིད་པོ་དང་མཛེས་སྡུག་འབྱོར་འབྲིང་གི་ལྕགས་ཟམ་རྫོང་ཞིག་ཇེ་མགྱོགས་སུ་བསྐྲུན་དང་སྐྲུན་བཞིན་ཡོད་པ་རེད།རྒྱལ་སྲུང་གཞུང་ལམ318པའི་གྲུབ་ཆ་ཡིན་པའི་ཁྲོན་བོད་ལྷོ་རྒྱུད་ཀྱི་གཞུང་ལམ་དེ་ཀྲུང་གོ་མི་དམངས་ཀྱི་མཛེས་ལྗོངས་ལམ་ཆེན་ཡིན་པར་ངོ་གནོང་མི་དགོས་པ་རེད།ཡིན་ནའང་དཀའ་འགག་ཆེ་བའི་ཐར་ལམ་དེ་འུར་ལག་རི་བོས་བཀག་ནས་རྒྱལ་སྲུང་གཞུང་ལམ318པའི་ཕྱོགས་སུ་ཆགས་ཡོད་པའི་ལྕགས་ཟམ་རྫོང་དང་ཕྱི་ཕྱོགས་སུ་འབྲེལ་འདྲིས་བྱེད་པར་ཚོད་འཛིན་ཆེན་པོ་ཐེབས་པ་རེད།

དེང་རབས་ཀྱི་འཕེལ་ཁ་དར་བའི་གསར་བརྗེའི་གྲོང་ཁྱེར་ལྕགས་ཟམ་ཁ།

སྙན་གྲགས་ཁྱབ་པའི་གསར་བརྗེའི་གནས་གཞི་རྙིང་པའི་མཆོར་ཉམས་ལྡན་པའི་དེང་རབས་ཀྱི་གྲོང་ཁྱེར་ཞིག

 2017ལོའི་སྤྱི་ཟླ12པའི་ཚེས31ཉིན་ནི་དྲན་རྟེན་བྱེད་རིན་ཡོད་པའི་ཉིན་མོ་ཞིག་ཡིན།གཡག་མདོ(གཡག་རྔ་ནས་དར་མདོ་བར)མྱུར་བགྲོད་གཞུང་ལམ་གཡག་རྔ་ནས་ལྕགས་ཟམ་ཁའི་བར་གྱི་གཞུང་ལམ་དུམ་བུ་འདི་ཚོད་ལྟ་ཤར་གཏོང་བྱས་ཏེ།ཁྲེང་ཏུའུ་ནས་ལྕགས་ཟམ་ཁའི་བར་ཆུ་ཚོད་གཉིས་ཕྱེད་ལས་མི་འགོར་ནས་བསླེབས་ཐུབ་པ་རེད།

  ལོ་ངོ40ཡི་སྔོན་ལ་ཕྱིར་མིག་བལྟས་ཚེར།ལྷོ་ནུབ་མཐའ་མཚམས་སུ་ཆགས་པའི་ལྕགས་ཟམ་རྫོང་དུ་འགྲིམ་འགྲུལ་སྟབས་མི་བདེ་བ་དང་དཔལ་འབྱོར་རྗེས་ལུས་ཡིན་པ་རེད།1980ལོར་རྫོང་ཡོངས་ཀྱི་རྒྱལ་དམངས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི1457ལས་མེད་པ་རེད། 

  ལོ40ཡི་རྗེས་སུ་ལྕགས་ཟམ་རྫོང་ཉིད་ཡང་དུ་གནད་ཀ་བྱ་ཡུལ་དུ་གྱུར།2017ལོར་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྔོན་དུ་དབུལ་ཕོངས་ཞྭ་མོ་ཕུད་ཐུབ་པ་བྱུང་ནས་ཁུལ་ཡོངས་ཀྱི་དབུལ་ཐར་འབྱོར་འབྲིང་གི་ལམ་དུ་སྐྱོད་པར་ལྕགས་ཟམ་ཁའི་ཉམས་མྱོང་བཟང་པོ་བསགས་ཡོད་པ་རེད།2017ལོར་རྫོང་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར18.46མངོན་འགྱུར་བྱུང་བ་རེད།

 ལྕགས་ཟམ་རྫོང་གི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཨར་ལས་དེ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40རིང་ལ་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་ཡོད།ལོ40ཡི་སྔོན་དུ་རྫོང་གི་གྲོང་ཁུལ་གྱི་གཞི་ཁྱོན་ཧ་ལམ་སྤྱི་ལེ་གྲུ་བཞི་མ་གཅིག་ལའང་མི་ཟིན་པ་རེད།ད་ལྟར་གྲོང་ཁྱེར་འཆར་འགོད་བྱས་པའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ6.8ཙམ་ཡོད་པས་སྔོན་མ་ལས་ལྡབ7ཙམ་འཕར་བ་རེད། ཐ་མག་ཐུར་རུ་གཅིག་འཐེན་ཚེ་རྫོང་གི་གྲོང་ཁུལ་ཧྲིལ་པོར་སྐོར་ར་ཐེངས་ཤིག་རྒྱག་ཐུབ་ངེས་རེད་ཅེས་ལྕགས་ཟམ་ཁའི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་སུན་ཀོང་ཅུན་གྱིས་སྔོན་མའི་ལྕགས་ཟམ་ཁའི་གནས་ཚུལ་གླེང་སྐབས་ཨ་མཚར་རྩེད་མོ་ཚུལ་གྱིས་དེ་ལྟར་བཤད་པ་རེད།ལྕགས་ཟམ་རྫོང་གི་རྫོང་ཁུལ་གྱི་གནམ་གཤིས་ཚ་གྲང་སྙོམས་པོ་ཡིན་པས་མིའི་སེམས་ཁམས་ལ་འཚམ་པོ་ཡོད་མོད།འོན་ཀྱང་འགྲིམ་འགྲུལ་སྟབས་མི་བདེ་བས་རྫོང་གི་གྲོང་ཁུལ་འཕེལ་རྒྱས་དེ་ཙམ་ཡག་པོ་བྱུང་མེད་པ་རེད།རྫོང་གི་གྲོང་ཁུལ་དུ་ཡུལ་མིས་ད་དུང་ཕག་དང་བྱ་ལ་སོགས་པ་གསོ་ཚགས་བྱས་སྟབས་རྫོང་གི་གྲོང་ཁུལ་གྱི་ཁོར་ཡུག་ཆ་རྐྱེན་ད་རུང་ཅུང་ཞན་པོ་ཡིན་པ་རེད།

ཡིན་ནའང་ལྕགས་ཟམ་རྫོང་དུ་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་འདི་འདྲ་ཞིག་བྱུང་ཐུབ་པ་ནི1991ལོར་འུར་ལག་རི་བོའི་ཕུག་ལམ་ཤར་གཏོང་ཐུབ་པའི་ཕན་འབྲས་རེད།འགྲིམ་འགྲུལ་སྟབས་བདེ་བ་དང་སེམས་ཁམས་ལ་འཚམ་པའི་གནམ་གཤིས་ཀྱི་ཆ་རྐྱེན་ཡོད་ཕྱིར།ཕྱི་རོལ་ཡུལ་གྱི་ཚོང་པ་མང་པོ་ལྕགས་ཟམ་ཁར་ས་ཁང་བདག་ཁོངས་ཀྱི་ཐོན་ལས་གསར་སྦོལ་བྱེད་སར་ཡོང་བ་རེད།སུན་ཀོང་ཅུན་གྱིས་ལྕགས་ཟམ་ཁ་གྲོང་ཁུལ་གྱི་སྔོན་བྱུང་གནས་ཚུལ་གླེང་སྐབས་རང་ཁྱིམ་གྱི་གཅེས་ནོར་བགྲང་བ་ནང་བཞིན་རེད།

 འདས་ཟིན་པའི་ལོ་ཟླའི་ཁྲོད་ཁང་པ་རྙིང་རལ་ཡིན་པའི་སྤྲོ་སྐྱིད་ཐང་དང་བྱེ་ཐང་དུའང་ལྷན་དུ་གསར་སྦོལ་བྱས་ནས་ད་ལྟའི་ལྕགས་ཟམ་རྫོང་མཁར་རྙིང་པའི་བཀོད་པ་འདི་ཆགས་ཡོད་ཅིང་།ད་སྐབས་ཀྱི་ལྕགས་ཟམ་རྫོང་མཁར་ནི་ཁང་བརྩེགས་མཐོ་ལ་དར་རྒྱས་ཆེ་བ་ཞིག་ཡིན་ཞིང་། རྫོང་གི་གྲོང་ཁུལ་དུ་སླེབས་མ་ཐག་དེའི་དུས་ཀྱི་ལྕགས་ཟམ་ཟམ་པ་མྱུར་འཕྲོག་བྱེད་མཁན་གྱི་མི་སྣ་དང་དཔའ་རྒོད་ཚོས་འཐབ་འཛིང་བྱེད་གནས་ལ་མིང་བཏགས་པའི་རུའེ་ཅིན་ཁྲོམ་ལམ་དང་ཁྲེང་ཝུའུ་ཁྲོམ་ལམ།ཡོན་ཧྲོའེ་ཁྲོམ་ལམ། དམག་དཔོན་ཁྲོམ་ལམ།ནགས་འགྱུར་སང་ལམ་སོགས་མིང་དེ་དག་ལས་གསར་བརྗེའི་གྲོང་ཁྱེར་གྲགས་ཅན་གྱི་རྣམ་པ་མངོན་ཡོད།དམར་དམག་གིས་ལྕགས་ཟམ་ཟམ་པ་མྱུར་འཕྲོག་བྱས་པའི་གསར་བརྗེའི་གཞི་རྒྱུ་དེ་ལྕགས་ཟམ་ཁའི་མི་དམངས་ཀྱི་ཁྲག་རྩའི་ནང་དུ་ཡོད་ལ་དུས་རྒྱུན་འཚོ་བའི་ཁྲོད་དུའང་གནས་ཡོད་པ་ཞིག་རེད།

དེང་རབས་ཀྱི་འཕེལ་ཁ་དར་བའི་གསར་བརྗེའི་གྲོང་ཁྱེར་ལྕགས་ཟམ་ཁ།

 ལྕགས་ཟམ་རྫོང་གི་རྒྱང་སྐྱོད་ལམ་ཆེན་གྱི་འགྲམ་གཉིས་སུ་མཐོ་ཞིང་བརྗིད་པའི་ཁང་པ་བསྐྲུན་ཡོད་ཅིང་།དཀྱིལ་དུ་ཞེང་ཚད་སྨི30ལྷག་དང་རིང་ཚད་སྨི270ཡོད་པའི་ས་རྒྱུད་དུ་ལྗོན་ཤིང་དང་མེ་ཏོག་སྣ་ཚོགས་བཙུགས་ཡོད་པས་་ད་སྐབས་མཛེས་ཤིང་ལྟ་ན་སྡུག་པའི་སྔོ་ལྗང་ལྡུམ་ར་ཞིག་ཏུ་གྱུར་ཡོད།ལྡུམ་ར་དེའི་མདུན་ངོས་སུ་མཐོ་ཚད་སྨི7.5དང་རིང་ཚད་སྨི16.6ཡོད་པའི་འཛེང་རྡོ་འཇིམ་རྐོས་ཆེན་པོ་ཞིག་ཀྲོང་ངེར་འགྱིང་ཡོད་ཅིང་།དེའི་ཐོག་ལ་ལྕགས་ཟམ་ཟམ་པ་མྱུར་འཕྲོག་བྱས་པའི་དཔའ་རྒོད22ཀྱི་གཟུགས་བརྙན་བརྐོས་ཡོད་པས་གསོན་ཉམས་ལྡན་པར་སྣང་།

  སྨི་གྲུ་བཞི་མ4000ལྷག་ཡོད་པའི་ལྕགས་ཟམ་ཟམ་པའི་ཐང་ཆེན་ནི་ལྕགས་ཟམ་ཟམ་པའི་ཤར་སྣེར་བསྐྲུན་ཡོད་ཅིང་།ཉིན་ལྟར་ཚོན་མདོག་རྣམ་པ་བཀྲ་བའི་གློག་སྒྲོན་གྱིས་གསལ་བའི་ཐང་ཆེན་ཐོག་སྡོད་དམངས་དང་ཡུལ་སྐོར་བ་སོགས་མི་མང་པོ་མ་གྲོས་རང་མཐུན་གྱིས་འཛོམས་ཏེ་ལ་ལས་དབྱིས་བྲོ་འཁྲབ་པ་དང་འགའ་ཞིག་གིས་རྒྱ་བྲོ་དང་བོད་བྲོ་འཁྲབ་པ།གཞན་ཡང་འཕང་ལོ་དང་ཤོ་རྩེད་བྱེད་པ་སོགས་གང་དགའ་རྩེད་མོ་འདྲ་མིན་རྩེ་བཞིན་གདའ།

   སུན་ཀོང་ཅུན་གྱིས་གསར་འགོད་པར་ངོ་སྤྲོད་བྱས་པར་གཞིགས་ན།ན་ལོ་ནས་བཟུང་ལྕགས་ཟམ་རྫོང་གིས་སྡེ་ཁུལ་གྱི་དཔོན་ཐོག་ཁྲོམ་དཔོན་སྣོན་པའི་གྲོང་ཁྱེར་དང་གྲོང་རྡལ་དོ་དམ་གྱི་ལམ་སྲོལ་གསར་པ་དང་གྲོང་ཁྱེར་མཉམ་སྡེབ་ཁྲིམས་འཛིན་ཅུས་བཙུགས་ནས་ཁྲིམས་འགལ་ལུགས་འགལ་གྱིས་ཨར་ལས་འཛུགས་སྐྲུན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཡོད།ཁྲིམས་འགལ་གྱིས་བསྐྲུན་པའི་ཨར་ལས་དངོས་པོའི་རིགས3004དང་གཞི་ཁྱོན་གྲུ་བཞི་མ20ཙམ་བཤིགས་ནས་མེད་པར་བཟོས་བས་མ་ཚད་གྲོང་རྙིང་གི་གཙོ་ལམ4པོའི་རྣམ་པ་བསྒྱུར་བཀོད་ལས་གཞི་ལག་བསྟར་བྱས་ནས་མཚན་ལྗོངས་ཡག་སྤེལ་གྱི་ལས་གྲྭ་ཐེངས་དང་པོ་ལེགས་འགྲུབ་བྱུང་ཡོད་པ་རེད།

  དུས་མཚུངས་སུ་ལྕགས་ཟམ་རྫོང་གི་གྲོང་ཁུལ་གསར་པའི་ཚན་པ་དང་པོའིPPPལས་གཞི10ཚོང་འགུག་བྱས་པ་དང་།ཆུ་ངོགས་ཀྱི་ལམ་ཧྲིལ་པོ་ལས་ཟིན་པས་མ་ཚད། བྱེ་ཐང་ནས་ཞིང་ཐང་བར་གྱི་ཆུ་ངོགས་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བཞིན་ཡོད།གྲོང་གསར་གྱི་རང་འབབ་ཆུའི་སྔོན་འགྲོའི་ལས་ཀ་གྲུབ་ཟིན་པ་དང་སི་ཁྲོན་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་པ་འཛུགས་སྐྲུན་བྱེད་འགོ་ཚུགས་པས་མ་ཚད།གསར་བརྗེ་ལྗོངས་ཁུལ་དང་ལུས་ཁམས་འཚོ་སྐྱོང་འཚམ་པའི་རྫོང་གི་གྲོང་ཁུལ་འཛུགས་བསྐྲུན་ཇེ་མགྱོགས་སུ་གཏོང་བར་ཤུགས་རྒྱག་བཞིན་ཡོད་ཅེས་བཤད་པ་རེད།  ང་ཚོའི་གམ་དུ་འགྱུར་ལྡོག་གང་མང་བྱུང་ཡོད་པས་དེ་རིང་ཕལ་བ་ཕལ་རྐྱང་གི་མི་སེར་རྣམས་ཀྱང་དུས་རིམ་གསར་པའི་ནང་དུ་ཟ་གོས་ཉལ་གསུམ་དང་འགྲོ་སྡོད་སློབ་སྦྱོང་སོགས་གང་ཐད་ནས་འཕེལ་རྒྱས་བྱུང་ཡོད་པ་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་མྱོང་ཚོར་ཟབ་མོ་ཉིན་རེ་ལས་ཉིན་རེར་ཟབ་མོ་ཆགས་པ་རེད།

བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40རིང་གི་གྲུབ་འབྲས་དེ་ང་ཚོས་བལྟས་པ་ཙམ་གྱིས་ཤེས་ཐུབ་ཀྱང་དེར་ཡིད་ཚིམ་ནས་མི་བསྡད་པར་མིག་ཟུང་མདུན་དུ་བལྟས་ནས་འབད་འབུངས་བརྒྱ་ཕྲག་མང་པོས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་པ་རེད།

དེང་རབས་ཀྱི་འཕེལ་ཁ་དར་བའི་གསར་བརྗེའི་གྲོང་ཁྱེར་ལྕགས་ཟམ་ཁ།

དུས་རབས་ཀྱི་ཞབས་རྗེས་འཚོལ་མཁན་གྱི་མི་སྣ།

 ལྕགས་ཟམ་ཁ་ནི་གསར་བརྗེའི་གནས་གཞི་རྙིང་པའི་ངར་ཤུགས་ཡོད་པའི་གྲོང་ཁྱེར་ཞིག་ཡིན་ལ།འཕེལ་རིམ་གྱི་ཉམས་འགྱུར་ཤོར་མེད་པའི་གྲོང་ཁྱེར་ཞིག་ཀྱང་ཡིན་པ་རེད།

 ཞོགས་པའི་ཆུ་ཚོད8པའི་སྐབས་སུ།ལྕགས་ཟམ་ཐང་ཆེན་མཐའ་སྐོར་གྱི་ཡུལ་མི་ཚོས་གཅིག་རྗེས་གཉིས་མཐུད་དུ་ཐང་ཆེན་གྱི་སྤྱི་པའི་འགྲིམ་འགྲུལ་ས་ཚུགས་སུ་ཕྱིན་ནས་ལ་ལས་ཕྲུ་གུ་སློབ་གྲྭར་བསྐྱལ་བ་དང་།ལ་ལས་ལས་ཀར་འགྲོ་བ།ལ་ལས་སྔ་མོའི་ཁྲོམ་རར་སོང་ནས་སྔོ་ཚལ་ཉོ་ཚོང་བྱས་པས་མ་ཚད།སྔ་མོ་ནས་ལངས་ཏེ་མཛེས་ལྗོངས་ལ་ལྟད་མོ་ལྟ་རུ་འགྲོ་མཁན་གྱི་ཡུལ་སྐོར་བ་ཡང་འདུགདེའི་ཐོག་ནས་ལྕགས་ཟམ་ཁའི་ཡུལ་མི་ཚོའི་ཕུན་སུམ་ཚོགས་པའི་འཚོ་བ་རང་ཤུགས་སུ་མཚོན་པ་ཞིག་རེད།

 ལྕགས་ཟམ་རྫོང་གི་ལས་འཁྱུར་ངལ་གསོ་བྱེད་མཁན་ཏེང་མིང་ཆན་ནི་རང་ས་རང་ཡུལ་དུ་སྐྱེས་པའི་ལྕགས་ཟམ་ཁའི་མི་ཡིན་པ་རེད།ཁོས2013ལོར་སྤྱི་པའི་འགྲུལ་སྐྱེལ་རླངས་འཁོར་ཨང་དང་པོ་དེ་ལྕགས་ཟམ་རྫོང་གི་ཁྲོམ་ལམ་དུ་གཏོང་བ་ནས་བཟུང་།ལྕགས་ཟམ་རྫོང་མི་དམངས་ཀྱི་འཚོ་བར་རིམ་བཞིན་འཕོ་འགྱུར་ཆེན་པོ་བྱུང་དང་འབྱུང་བཞིན་པ་རེད།ད་ལྟར།ལྕགས་ཟམ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་བར་སྤྱི་པའི་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་རྣམ་པ་མངོན་འགྱུར་བྱུང་ཡོད།སྤྱི་པའི་འགྲུལ་སྐྱེལ་རླངས་འཁོར་རེ་རེས་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད་བྱས་ཡོད་ཅིང་།གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་ཇེ་ཉེ་གཏོང་བཞིན་པ་དང་།གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འཕེལ་རྒྱས་གཏོང་བའི་ཧེ་བག་ཀྱང་ཆུང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད།ཁོས་སྤྱི་པའི་འགྲུལ་སྐྱེལ་རླངས་འཁོར་རེ་རེ་ཞིག་གཏོང་འགྲོ་བ་དང་།འགྲུལ་པ་ཚན་པ་རེ་རེ་བཞིན་སྤྱི་པའི་འགྲུལ་སྐྱེལ་རླངས་འཁོར་དུ་བསྡད་དེ་ག་ས་གར་འགྲོ་བའི་རྣམ་པ་མཐོང་དུས་སེམས་འགུལ་ཐེབས་པའི་ངང་ནས་བཤད་དོན།གལ་སྲིད་དུས་ཚོད་ལོ་བཅུ་ཕྲག་ཁ་ཤས་ཀྱི་སྔོན་དུ་ཁུངས་དེད་བྱས་ན།ལྕགས་ཟམ་རྫོང་དུ་འདི་འདྲའི་འཕོ་འགྱུར་བྱུང་རྒྱུ་ནི་དྲན་རྒྱུ་ག་ལ་ཡོད།

 བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་།ལྕགས་ཟམ་རྫོང་གི་མི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བར་གནམ་ས་བླག་འོག་སྒྱུར་བའི་འཕོ་འགྱུར་བྱུང་ཡོད་པ་རེད། དུས་རབས་གོང་མའི་ལོ་རབས80པའི་སྔོན་དུ།ལྕགས་ཟམ་རྫོང་གིས་ཐུན་མོང་གིས་ཞིང་རྨོད་པའི་ཐོན་སྐྱེད་བྱེད་སྟངས་སྔར་བཞིན་བེད་སྤྱོད་བྱས་སྟབས།མང་ཚོགས་ལ་ངལ་རྩོལ་གྱི་ཧུར་བརྩོན་རང་བཞིན་དམའ་བ་དང་འབྲུ་རིགས་ཐོན་ཚད་དམའ་བས་མང་ཚོགས་ལ་འབྲུ་རིགས་ཀྱི་དགོས་མཁོ་སྐོང་རྒྱུའི་ཐད་དཀའ་ངལ་ཆེན་པོ་ཡོད་པ་རེད།ལོ་རབས70ཡི་དུས་མཇུག་ཏུ་རྒྱལ་ཡོངས་སུ་ཁྱིམ་ཚང་གི་ཐོན་སྦྲེལ་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བར་སྐུལ་འདེད་བཏང་བར་བརྒྱུད།ལྕགས་ཟམ་རྫོང་གིས་རི་མཇུག་གྲོང་རྡལ་དུ་ཚོད་ལྟ་ལས་ཀ་སྤེལ་ཡོད།ཏེང་མིང་ཆན་གྱིས་འཐུས་ཚབ་བྱེད་པའི་ལས་སྒྲུབ་མི་སྣ་རྣམས་ཕྱོགས་གང་ཐད་ནས་ཡོང་བའི་གནོན་ཤུགས་དང་འགོག་ཤུགས་ཐེག་ནས་རི་མཇུག་གྲོང་རྡལ་དུ་ས་ཞིང་ཁྱིམ་ཚང་ལ་འགན་གཙང་ལེན་བྱེད་པའི་ལས་ཀ་སྤེལ་འགོ་བཙུགས་ཡོད།ཁོང་གིས་སྐབས་དེར་རང་ཉིད་ནི་རི་མཇུག་གྲོང་རྡལ་གྱི་རུ་ཁག་གསུམ་པའི་ས་ཞིང་ཁྱིམ་ཚང་ལ་འགན་གཙང་ལེན་བྱེད་མཁན་གྱི་འགན་ཁུར་བ་ཡིན་ཞིང་།ས་ཞིང་ཁྱིམ་ཚང་དུ་འགན་གཙང་ལེན་བྱེད་པའི་ལས་ཀ་སྤེལ་འགོ་ཚུགས་པ་ནས་བཟུང་།ཞིང་པར་ངར་ཤུགས་བསླངས་ནས་བརྩོན་པའི་ལས་ལ་འབྲས་བུ་སྨིན་ངེས་རེད་ཅེས་པའི་དཔེ་ལྟར།མང་ཚོགས་ཀྱིས་ཉིན་མཚན་མེད་པར་ས་ཞིང་ལ་ལས་བརྩོན་བྱས་པའི་དབང་གིས་ལོ་དེར་རི་མཇུག་གྲོང་རྡལ་གྱི་འབྲུ་རིགས་ལ་ལོ་ལེགས་ཐོབ་སྟེ།མི་རྣམས་ཀྱི་འབྲུ་རིགས་བཟའ་རྒྱུའི་གནད་དོན་ཐག་གཅོད་བྱས་ཡོད་པར་བརྟེན།སྔོན་དུ་མང་ཚོགས་ཀྱི་ངལ་རྩོལ་ལ་ཧུར་བརྩོན་རང་བཞིན་མཐོན་པོ་མེད་པ་དང་འབྲུ་རིགས་ཐོན་ཚད་དམའ་བ།ལྟོ་བ་མི་རྒྱགས་པའི་གནས་ཚུལ་རྦད་དེ་བསྒྱུར་ཡོད་ལ།ས་ཞིང་ཁྱིམ་ཚང་དུ་འགན་གཙང་ལེན་བྱེད་པའི་ཚོད་ལྟ་ལས་འགན་ཡང་ལེགས་འགྲུབ་བྱུང་ཡོད་ཅེས་དྲན་གསོ་བྱས་དེ་ལྟར་བཤད་པ་རེད།

དེང་རབས་ཀྱི་འཕེལ་ཁ་དར་བའི་གསར་བརྗེའི་གྲོང་ཁྱེར་ལྕགས་ཟམ་ཁ།

 1984ལོར་སྐབས་དེར་ལྕགས་ཟམ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ལ་ལས་ཀ་སྒྲུབ་བཞིན་པའི་ཏེང་མིང་ཆན་གྱིས་སྟེས་དབང་གི་གོ་སྐབས་སུ་ཚགས་པར་གྱི་ཐོག་མི་མང་ཅིང་ས་ཞིང་ཉུང་བའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་གཟི་རྩ་སྡེ་དགུ་དང་ཧྥུའུ་ནན་ཞིང་ཆེན་གྱི་ཀྲང་ཅ་ཅན་ས་ཁུལ་གཉིས་ཀྱིས་ཡུལ་སྐོར་ཐོན་ཁུངས་གསར་སྦོལ་བྱས་ཏེ་ཤུགས་ཆེན་པོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བར་བརྟེན་ནས་ས་གནས་དེ་གའི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་བཅུག་ཡོད་པའི་གསར་འགྱུར་ཞིག་མཐོང་།ལྕགས་ཟམ་རྫོང་ལ་ཕུན་སུམ་ཚོགས་པོའི་གསར་བརྗེའི་གནས་གཞི་རྙིང་པའི་ཡུལ་སྐོར་ཐོན་ཁུངས་ཡོད་པ་མ་ཟད།ད་རུང་ཧ་ཅང་མཛེས་སྡུག་ལྡན་པའི་རང་བྱུང་གི་ཡུལ་ལྗོངས་ཡོད་པ་རེད་ཅེས་དྲན་དུས་ཁོས་སྙིང་སྟོབས་ཆེན་པོས་དུང་དཀར་ལུང་པའི་ཡུལ་སྐོར་ཐོན་ཁུངས་གསར་སྦོལ་བྱ་རྒྱུའི་གྲོས་གཞི་བཏོན་ཡོད།ཡུལ་དངོས་སུ་བརྟག་དཔྱད་ཡང་ཡང་བྱས་ཏེ་འབྲེལ་ཡོད་སྙན་སེང་གྲུབ་པ་དང་།རྒྱལ་ཁབ་དང་།ཞིང་ཆེན།ཁུལ།རྫོང་བཅས་རིམ་པ་སོ་སོའི་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་འོགལྕགས་ཟམ་རྫོང་གིས་དུང་དཀར་ལུང་པ་གསར་སྦོལ་བྱ་རྒྱུའི་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་འབོ་ཞབས་གྲོང་རྡལ་གྱི་མང་ཚོགས་དང་མཉམ་དུ་དུང་དཀར་ལུང་པ་གསར་སྦོལ་བྱེད་མཁན་གྱི་ཚོགས་པ་བཙུགས་ཡོད། 1985ལོར་དུང་དཀར་ལུང་པར་གསར་སྦོལ་མ་བྱེད་སྔོན་གྱི་རྟོག་ཞིབ་དང་གཞུངལམ་ལས་པ་སོགས་ཀྱི་སྔོན་འགྲོའི་ལས་ཀ་སྤེལ་འགོ་ཚུགས་ཡོད།གསར་སྦོལ་ཚོགས་པས་ལོ་གཉིས་རིང་འབད་བརྩོན་ལྷོད་མེད་ཀྱིས་གྲ་སྒྲིག་ཡག་པོ་བྱས་པར་བརྒྱུད། 1987ལོའི་སྤྱི་ཟླ10པའི་ཚེས15ཉིན།དུང་དཀར་ལུང་པའི་འཁྱགས་ཀླུང་གླིང་ག་གསར་གཉེར་བྱེད་པའི་མཛད་སྒོ་དེ་དུང་དཀར་ལུང་པའི་སྒར་ས་དང་པོར་སྤེལ་བ་དང་དུང་དཀར་ལུང་པ་གསར་སྦོལ་བྱེད་འགོ་དངོས་སུ་བཙུགས་ཡོད་པ་རེད།ད་ལྟར་དུང་དཀར་ལུང་པའི་མཛེས་ཁུལ་དེ་རང་ཁུལ་གྱིA5རིམ་པའི་མཛེས་ལྗོངས་ཁུལ་ཁོ་ནར་གྱུར་བ་དེ་ལྕགས་ཟམ་རྫོང་དང་དཀར་མཛེས་ཁུལ་ལ་སྔར་བྱུང་མ་མྱོང་བའི་གོ་སྐབས་ཁྱེར་ཡོང་བའི་དུས་མཉམ་དུ།སྐབས་དེར་དུང་དཀར་ལུང་པའི་མཛེས་ཁུལ་གསར་སྦོལ་བྱ་རྒྱུ་ནི་བྱེད་རིན་ཡོད་པ་ར་སྤྲོད་བྱུང་ཡོད་ཅེས་བཤད་པ་རེད།

 ང་རང་ནི་ལྕགས་ཟམ་རྫོང་བཅོས་བསྒྱུར་སྒོ་འབྱེད་བྱེད་པར་དངོས་སུ་མཐོང་མཁན་ཡིན་ལ།ཞུགས་མཁན་དང་ར་སྤྲོད་བྱེད་མཁན།ལྷག་པར་དུ་ཕན་ཐོགས་རག་མཁན་ཡང་ཡིན།རང་ཉིད་དང་རང་རེའི་ཁྱིམ་མིའི་ཟས་གོས་འགྲོ་སྡོད་བཞི་ཚང་མར་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་དང་།འཕོ་འགྱུར་འདི་དག་ཡོང་བ་ཐམས་ཅད་ནི་ང་ཚོས་འདི་འདྲ་བཟང་པོའི་དུས་རབས་སུ་འཚོ་བ་བྱེད་བཞིན་པའི་དབང་གིས་རེད་ཅེས་བཤད་པ་རེད།།

དེང་རབས་ཀྱི་འཕེལ་ཁ་དར་བའི་གསར་བརྗེའི་གྲོང་ཁྱེར་ལྕགས་ཟམ་ཁ།

དམངས་ཀྱི་འཚོ་བ་ཇེ་སྐྱིད་འགྲོ་བའི་ཕྱིར་དྲན་དུམ་བུ།

  ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ལ།ལྕགས་ཐག་བཅུ་གསུམ་ལས་གྲུབ་པའི་ལྕགས་ཟམ་དེ་ཉིད་གྲོང་ལྷོའི་ཟམ་ཆེན་དང་ཁམས་པའི་ཟམ་ཆེན།ཁམས་དར་ཟམ་ཆེན་སོགས་དང་མཉམ་དུ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟེང་ན་འཕྲེད་དུ་བརྐྱངས་ཤིང་།རྒྱལ་མོ་རྔུལ་ཆུའི་ངོགས་གཉིས་ཀྱི་གྲོང་གསེབ་དང་གྲོང་རྡལ་རྣམས་ལ་སྟབས་བདེའི་བགྲོད་ལམ་བསྩལ་ཞིང་།མཛའ་མཐུན་གྱི་འབྲེལ་ལམ་བཙུགས།

 ད་ལོར་ལོ་ན78ལ་སོན་པའི་ཨ་མྱེ་དབྱང་ཧྲི་ཆང་གིས་གཟབ་ནན་གྱིས་འདས་དོན་ལ་ཕྱིར་དྲན་བྱས་ཏེ།བཅིངས་འགྲོལ་མ་གཏོང་སྔོན།ལྕགས་ཟམ་རྫོང་གི་ལྕགས་ཐག་ཟམ་པ་ནི་རྫོང་གི་མངའ་ཁོངས་སུ་ཐེངས་དང་པོར་རྒྱལ་མོ་རྔུལ་ཆུའི་སྟེང་ན་བརྐྱངས་པའི་ཟམ་པ་དེ་ཡིན་ཞིང་།སྐབས་དེར།ལྕགས་ཟམ་ཁ་གྲོང་རྡལ་གྱི་ཡུལ་མི་རྣམས་ལྕགས་ཟམ་བརྒྱུད་དེ་རྒྱལ་མོ་རྔུལ་ཆུའི་སྟེང་ནས་འཕྲེད་བརྒལ་བྱས་ཆོག་པ་ལས།གཞན་པའི་ཤང་དང་གྲོང་རྡལ11གིས་ཐག་འབྲེང་དང་ཤིང་གྲུར་བརྟེན་ནས་གཙང་པོ་བརྒལ་དགོས་ཀྱི་ཡོད།མི་རྣམས་ཀྱི་འཚོ་བ་དང་འཕེལ་རྒྱས་ཐད་ངེས་པར་དུ་ཕྱི་ཕྱོགས་འབྲེལ་འདྲིས་སྤེལ་རེས་བྱེད་དགོས་ཀྱང་།སྐབས་དེར་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་ཞན་པ་དང་། གཙང་བོ་བརྒལ་བར་ཉེན་ཁ་ཆེ་བ།རྒྱལ་མོ་རྔུལ་ཆུའི་སྟེང་ན་གྲུ་ལོག་བརྒྱབ་ནས་རང་སྲོག་ཤོར་བའི་དོན་རྐྱེན་ལོ་ལྟར་བྱུང་བཞིན་ཡོད།དེ་ལྟར་འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་མི་རྣམས་ཀྱི་འཚོ་བ་དང་འཕེལ་རྒྱས་ལ་ཚོད་འཛིན་དང་གནོད་སྐྱོན་ཆེན་པོ་ཐེབས་པ་རེད་ཅེས་བཤད།ཁོང་གིས་དབུགས་རིང་ཞིག་འབྱིན་བཞིན་བཅིངས་འགྲོལ་བཏང་རྗེས།ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་།རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟེང་ན་དེང་རབས་ཅན་གྱི་ཚན་རྩལ་ལ་བརྟེན་ནས་ཟམ་པ་མང་དུ་འགྲོ་བ་དང་།ད་ལྟ་ལྕགས་ཟམ་རྫོང་གི་མངའ་ཁོངས་སུ་ཟམ་པ18ཡོད་ཅིང་།སྤྱི་ལེ་བཞི་རེའི་རྒྱང་ཐག་ན་རྒྱལ་མོ་རྔུལ་ཆུའི་འཕྲེད་གཅོད་པའི་ཟམ་ཆེན་རེ་བསྐྲུན་ཡོད་པས།མི་སེར་རྣམས་ཀྱི་འགྲོ་འོང་ཇེ་བདེར་བཏང་བ་དང་།དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་གནང་བའི་བཀའ་དྲིན་ཆེ་ཤོས་དེ་ཡིན་ལ། ལྕགས་ཟམ་རྫོང་གི་འཕེལ་རྒྱས་ལ་དགོས་ངེས་ཀྱི་ཆ་རྐྱེན་ཡང་བསྐྲུན་པ་རེད་ཅེས་སྤྲོ་སེམས་ཆེན་པོས་དེ་ལྟར་བཤད།

  ལྕགས་ཟམ་ཁའི་གྲོང་ཁུལ་ནི་གཙང་ཞིང་གྲལ་འགྲིག་པ་དང་།ཡུལ་ཤོག་དང་གྲོང་ཚོ། དུད་ཚང་ཚང་མར་གཞུང་ལམ་ཡོད་ལ།སྔོན་མ་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད།དབྱང་ཧྲི་ཆང་གིས་བཤད་པ་ལྟར་ན།ད་ལྟར་ལྕགས་ཟམ་རྫོང་དུ “གང་མོས་འཛུགས་སྐྲུན”དང “ དབུལ་ཕོངས”།“ མྱུར་ལམ་མེད་པ”བཅས་ཀྱི་ཞྭ་མོ་ཡོངས་སུ་ཕུད་ཡོད།འདི་ནི་ལྕགས་ཟམ་རྫོང་གི་འཛུགས་སྐྲུན་ལ་ངོ་མཚར་བའི་བྱ་གཞག་ཅིག་ཡིན་ལ།ལྕགས་ཟམ་ཁའི་མི་དམངས་ལ་ཞབས་ཞུ་དང་ཕན་བདེ་སྐྲུན་མཁན་གྱི་རྒྱ་ཆེའི་ལས་བྱེད་མི་སྣ་ལ་བསྟོད་པའི་མཐེ་བོང་ཞིག་སྒྲེང་།

 “མི་དམངས་ལ་ཕན་བདེ་བསྐྲུན་རྒྱུུ་ནི་ང་ཚོ་རྒན་རབས་པ་དག་གི་བྱ་བའི་འགན་འཁྲི་ཡིན་པས།ལྷོད་གཡེང་སྤུ་ཙམ་ཡང་བྱ་མི་ཕོད་། ”ལྕགས་ཟམ་རྫོང་ཨུའི་ཞིང་སྡེ་ལས་སྒྲུབ་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་ཝན་ཅུན་རུང་ནི་ཡུན་རིང་པོར་དབུལ་ཐར་གྱི་ལས་གྲྭ་དང་པོར་འབད་འཐབ་གནང་མཁན་གྱི་ལས་སྒྲུབ་མི་སྣ་ཞིག་ཡིན་པ་རེད།འགྲིམ་འགྲུལ་སྟབས་མི་བདེ་བས་དཀའ་བ་གཅིག་དེ་བརྒྱ་གྱུར་འགྲོ། ཁོས་བཤད་དོན།དུས་ཡུན་རིང་པོར་ལྕགས་ཟམ་རྫོང་གི་རི་རྐེད་ལུང་ཁུག་ཏུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཚོད་འཛིན་ཐེབས་པའི་དབང་གིས།དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཧ་ཅང་དལ་ལ།ས་གནས་དེ་གར་གློག་དང་ཆུ་འཁྲིད་པས་དཀའ་ཞིང་། སྦྲག་སྲིད་འཕྲོད་དཀའ་བ།སྨན་པར་བསྟེན་དཀའ་བ་དང་སློབ་གྲྭར་སྐྱོད་དཀའ་བ་སོགས་ཀྱི་སྤྱི་ཚོགས་རང་བཞིན་གྱི་དཀའ་ཚེགས་རབ་དང་རིམ་པ་ཡུན་རིང་དུ་གནས་ནས་ཡོད་པ་རེད།

 “ལྕགས་ཟམ་རྫོང་གི་མཚོ་ཁ་གྲོང་སྡེ་ནི་འགྲིམ་འགྲུལ་འཛུགས་སྐྲུན་རྗེས་ལུས་ཀྱི་གྲོང་ཚོ་དབུལ་པོ་ཞིག་ཡིན་པ་རེད།”ཁོ་མོས་བཤད་རྒྱུར། “ང་ནི་ལྕགས་ཟམ་ཁའི་མི་ཡིན།སྔོན་ཆད་མཚོ་ཁ་གྲོང་སྡེའི་རྐང་ལམ་ཕྲ་མོ་སྟེང་དུ་མཚན་གང་བོར་གློག་འོད་བཀལ་ནས་མི་རྣམས་ཕར་འགྲོ་ཚུར་འོང་བྱས་པའི་རྣམ་པ་མཐོང་རྒྱུ་ཡོད་ཅིང་།རྣམ་པ་དེ་ནི་ས་གནས་དེ་གའི་གྲོང་མི་ཚོས་རང་ཁྱིམ་གྱི་ལ་ཕུག་ལ་རིན་གོང་མཐོ་ཙམ་རག་པའི་ཆེད་དུ་གློག་སྒྲོན་བཀལ་ཏེ་ལ་ཕུག་ཁུར་ནས་རི་འདབས་སུ་འཚོང་སར་འོང་བ་དེ་རྗེས་སུ་གཟོད་ནས་ཤེས་པ་ཡིན།ལ་ཕུག་བཙོང་པ་ལའང་འདི་འདྲའི་དཀའ་ཁག་ཅིག་བརྒྱུད་དགོས་ལ།ཕག་བཙོང་སྐབས་དེ་ལས་ཀྱང་དཀའ་སྡུག་ཚད་མེད་ཅིག་མྱོང་དགོས་ཀྱིན་ཡོད་པ་རེད།

 མཚོ་ཁ་གྲོང་སྡེའི་ལ་ཕུག་འདེབས་འཛུགས་དང་ཕག་གསོས་ནས་ཐོན་ལས་འཕེལ་རྒྱས་ཡག་པོ་བྱུང་ནའང་།འགྲིམ་འགྲུལ་ཆ་རྐྱེན་རྗེས་ལུས་ཡིན་པས་ཐོན་རྫས་ཚོང་རར་འཚོང་རྒྱུའི་དཀའ་ཁག་ཧ་ཅང་ཆེ་ལ།མཚོ་ཁ་གྲོང་སྡེ་ནས་རྫོང་གི་གྲོང་ཁུལ་བར་དུ་རྐང་ལམ་ཕྲ་མོ་ཞིག་ལས་མེད་པས་ཐོན་རྫས་སྐྱེལ་འདྲེན་གྱི་བྱ་བ་ཡོད་ཚད་མི་དང་རྟ་ཡིས་འཁུར་བ་ལས་ཐབས་བཀོད་གཞན་ཡོད་པ་མ་རེད།འདི་ལྟ་བུའི་འགྲིམ་འགྲུལ་རྗེས་ལུས་ཀྱི་དབང་གིས་དམངས་ཚོགས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བའི་བརྩོན་སེམས་ཉམས་པར་བྱས་ཤིང་།ས་གནས་དེ་གའི་འཕེལ་རྒྱས་ལ་འགོག་རྐྱེན་ཚབས་ཆེན་ཐེབས་དང་ཐེབས་བཞིན་ཡོད་པ་རེད།

 འགྲིམ་འགྲུལ་སྟབས་མི་བདེ་ན་མི་སེར་ལ་ཕྱུག་འགྱུར་གྱི་ཐབས་ལམ་མེད་པར་བརྟེན།ལྕགས་ཟམ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་སྡེ་བརྒྱ་ཆ63དང་རི་རྐེད་དུ་སྡོད་པའི་དབུལ་ཕོངས་མི་གྲངས་བརྒྱ་ཆ90ཡི་རྫོང་གི་དོན་དངོས་དང་དམངས་འཚོའི་གནས་ཚུལ་ལ་དམིགས་ཏེ།2012ལོ་ནས་བཟུང་།ལྕགས་ཟམ་རྫོང་གིས་དང་ཐོག་རི་རྐེད་དུ་སྡོད་པའི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་རྒྱག་སྟེ།2017ལོར་ལྕགས་ཟམ་རྫོང་གིས་ཁུལ་ཡོངས་ཀྱི་དང་ཐོག་དབུལ་ཐར་ནས་དབུལ་པོའི་ཞྭ་མོ་ཕུད་པར་རྨང་གཞི་བརྟན་པོ་བཏིང་བ་རེད།

 ད་ལྟར།མཚོ་ཁ་གྲོང་སྡེ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས།རླངས་འཁོར་གཉིས་གཤིབས་གཏོང་ཐུབ་པའི་ཞེང་ཚད་སྨི6ཡོད་པའི་ཨར་འདམ་ལམ་ཁྱིམ་ཚང་ཐམས་ཅད་ཀྱི་སྒོ་ཁར་སླེབས།སྔོན་ཆད་ཆུ་ཚོད་གཉིས་ཙམ་འགྲོ་དགོས་པ་དེ་ད་ལྟར་སྐར་མ་བཅུ་ལས་མི་འགོར་བ་རེད།ཡུལ་མིའི་འཚོ་བའི་ཆ་རྐྱེན་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་རེད།ཕྱིན་ཆད་མཚོ་ཁ་གྲོང་སྡེ་འདི་རྒྱལ་མོ་རྔུལ་ཆུའི་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་ཁུལ་གྱི་སྔོན་སྤེལ་གྲོང་ཚོའི་གྲས་སུ་བཞག་ནས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུ་ཡིན་པ་རེད།

 དེང་སང་།ལྕགས་ཟམ་རྫོང་གི་རི་གྲོང་དུ་འགྱུར་ལྡོག་ཆེན་པོ་བྱུང་ནས་དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་ལག་བསྟར་ཡག་པོ་བྱས་པར་མཚོན་ཡོད་ཅིང་།ལྕགས་ཟམ་རྫོང་དུ་དབུལ་ཐར་གནད་སྨིན་གྱིས་ལས་ཀ་ཡག་པོར་སྤེལ་ནས་ཐོག་མའི་བསམ་འདུན་མི་བརྗེད་པའི་དམ་བཅའ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:ལི་ཐང་འབུམ་གཡག་རྩྭ་ཐང་དུ་གནག་ཕྱུགས་ཁྲི་གཉིས་ཉེ་བར་གློག་རྡུལ་ཉིང་ལྷེབ་བརྒྱབ་སྟེ་ཉེན་འགོག་འགན་ལེན་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་ལི་ཐང་རྫོང་གི་སྐྱེ་ལྡན་ཤིང་འབྲས་དང་སྔོ་ཚལ་ཕྱིར་གཏོང་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།