གཡང་གཟར་དུ་བསྲིངས་པའི་བདེ་བགྲོད་གཞུང་ལམ།

གངས་སསྐྱིད།        2018-09-28

གཡང་གཟར་དུ་བསྲིངས་པའི་བདེ་བགྲོད་གཞུང་ལམ།

      འུ་ལག་རི་བོར་དང་ཐོག་གཞུང་ལམ་བསྐྲུན་པའི་འབྱུང་རྐྱེན།

      འུ་ལག་རི་བོ་ནི་སི་ཁྲོན་གཞོང་དབྱིབས་ས་ཁུལ་ནས་ཁམས་བོད་མཐོ་སྒང་དུ་འགྲོ་སའི་རི་བོ་ཆེན་པོ་དང་པོ་ཡིན་ལ། རྒྱ་བོད་ས་གནས་གཉིས་སུ་འགྲོ་བར་འགོག་རྐྱེན་བཟོས་པའི་རི་བོ་ཞིག་ཀྱང་ཡིན་པ་རེད། འུ་ལག་རི་བོའི་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་བྱས་པའི་དུས་ཚོད་ནི1950ལོའི་ལོ་མཇུག་ཏུ་ཡིན་པ་རེད།

      1949ལོའི་སྤྱི་ཟླ12པའི་ནང་བཅིངས་འགྲོལ་དམག་ཁྲེང་ཏུའུ་རུ་བསླེབས། 1950ལོའི་ལོ་མགོར་ཁྲོན་བོད་གཞུང་ལམ་ཐོག་རླངས་འཁོར་བསྐྱར་གཏོང་བྱ་རྒྱུའི་གནད་དོན་དེ་ཉིན་ཐོའི་གྲོས་རིམ་ནང་བཞག་ཡོད་ཅིང་། ལོ་དེའི་སྤྱི་ཟླ2པའི་ནང་ནུབ་ལྷོའི་དམག་སྲིད་ཨུ་ཡོན་ལྷན་ཁང་གིས་གཡག་རྔ་དང་དཀར་མཛེས་ཀྱི་ཨར་རྒྱག་ལས་ཁུངས་བཙུགས་ཏེ་སྤྱི་ཟླ4པར་གཞུང་ལམ་དངོས་སུ་ལས་འགོ་ཚུགས་པ། དམག་དམངས་ཁྲི་ཚོ་མང་པོས་གཞུང་ལམ་ལས་སར་ཞུགས་ཏེ་དུས་ཚོད་དམ་འཛིན་དང་བདེ་བགྲོད་ཅི་མགྱོགས་གང་མགྱོགས་བྱེད་པའི་ངར་ཤུགས་བཏོན་ཡོད། བཅིངས་འགྲོལ་ཐོབ་མ་ཐག་པའི་ཀྲུང་གོ་གསར་པར་ཉམས་པ་ཀུན་གསོ་མ་བྱུང་བའི་གནས་སུ་ཡོད་ཅིང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་ད་རུང་ཞན་ཙམ་ཡིན་པའི་གནས་ཚུལ་འོག་ཁྲོན་བོད་གཞུང་ལམ་ལས་པར་དཀར་ཚེགས་ཧ་ཅང་ཆེན་པོ་ཡོད་པ་ནི་སྨོས་མེད་རེད། གནས་ཚུལ་འདི་འདྲའི་འོག་བཅིངས་འགྲོལ་དམག་གི་དམག་དཔུང་བཅོ་བརྒྱད་ཀྱི་དཔོན་དམག་རྣམས་ཀྱིས་ལོ4ཡི་དུས་ཚོད་སྤྱད་དེ་སྤྱི་ལེ2000ཡོད་པའི་ཁྲོན་བོད་གཞུང་ལམ་བསྐྲུན་པའི་དུས་མཚུངས་སུ། གཞུང་ལམ་སྐྲུན་འགན་ཁུར་མཁན་གྱི་བཅིངས་འགྲོལ་དམག་གི་དམག་མི4936གི་ཚེ་སྲོག་ཀྱང་གཞུང་ལམ་ལས་ཡུལ་དུ་ཤོར་ཡོད་པ་རེད། 1950ལོའི་སྤྱི་ཟླ8པར་ཁྲོན་ཁམས་གཞུང་ལམ་དེ་དཀར་མཛེས་ཁུལ་དུ་རྒྱུན་སྲིང་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད། སྐབས་དེར་ལྗིད་ཐེག་རླངས་འཁོར་ཆེན་པོ་ཞིག་གིས་རླངས་དུང་སྐད་སྒྲ་མཐོན་པོར་བསྒྲགས་ཏེ་མཐོ་སྒང་ཐོག་བསྐྱོད་ཡོང་བའི་སྐབས་སུ་མི་རིགས་སོ་སོའི་མི་དམངས་ཚོས་གཅིག་གིས་གཅིག་ལ་རླངས་འཁོར་སླེབས་བྱུང་ཞེས་བཤད་ཞོར་དུ་གཞུང་ལམ་འགྲམ་དུ་རྒྱུག་འོངས་ཏེ་སྔོན་མར་མཐོང་མ་མྱོང་བའི་གཏོས་ཆེ་བ་ནང་བཞིན་གྱི་ལྗིད་ཐེག་རླངས་འཁོར་དེར་ལྟད་མོ་བལྟས། འབྲོག་པ་ཁ་ཤས་ཀྱིས་ད་རུང་ཐག་རིང་པོ་ནས་གཟན་རྩྭ་ཁྱེར་ཡོང་ནས་ལྗིད་ཐེག་རླངས་འཁོར་དེར་བྱིན་བསམ་མོད། ཡིན་ན་ཡང་རླངས་འཁོར་གིས་གཟན་རྩྭ་མི་བཟའ་བར་མ་ཟད་ཚལ་སྣུམ་ཙམ་ཡང་མི་འཐུང་བ་རེད། སྔར་མཐོང་མ་མྱོང་བའི་རླངས་འཁོར་མཐོ་སྒང་དུ་གཏོང་ཡོང་བའི་སྐབས་སུ་མི་ཚེ་མི་རབས་ལ་མཐོ་སྒང་དུ་འཚོ་གནས་བྱེད་པའི་མི་རྣམས་ཀྱིས་དུས་རབས་གསར་པའི་མཚོན་རྟགས་སླེབས་པར་རང་ཤུགས་སུ་གཟེངས་བསྟོད་བྱས་པ་རེད།

      ལོ50ལྷག་འདས་པའི་ཁྲོན་བོད་གཞུང་ལམ་རྒྱུན་ཆད་མེད་པར་ཉམས་གསོ་བྱས་ཏེ་བྱེ་རྡོའི་ལམ་ངོས་ནས་འགྱིག་སྣུམ་གཞུང་ལམ་དུ་བསྒྱུར་ནས་ལོ་མང་པོའི་ནང་རླངས་འཁོར་དང་མི་ཁྲི་སྟོང་མང་པོ་ཁྲོན་བོད་གཞུང་ལམ་ཐོག་བརྒྱུད་ཡོད་ཅིང་། ཚོང་ཟོག་ཏུན་སྟོང་དང་ཁྲི་དེ་གཞུང་ལམ་དེ་བརྒྱུད་དེ་ཆུ་རྒྱུན་ནང་བཞིན་བོད་ཁུལ་དུ་སྐྱེལ་འདྲེན་བྱས་དང་བྱེད་བཞིན་ཡོད་པ་རེད།

      ཧ་ལམ 60འདས་ཟིན་པའི་རྒྱལ་སྲུང་གཞུང་ལམ318པའི་གཞུང་ལམ་དུ་ཚུད་པའི་ཁྲོན་བོད་གཞུང་ལམ་ཐོག་ཕུག་ལམ་གསར་པ་ཞིག་བསྐྲུན་ཡོད་པ་འདི་ནི་འུ་ལག་རི་བོའི་ཕུག་ལམ་རེད། འུ་ལག་རི་བོའི་ཕུག་ལམ་དང་པོ་དེ1996ལོའི་སྤྱི་ཟླ7པར་ལས་འགོ་ཚུགས་ཡོད་ཅིང་། ལོ5ཡི་དུས་ཚོད་སྤྱད་དེ2001ལོའི་སྤྱི་ཟླ12པར་བཟོ་སྐྲུན་ལེགས་སུ་གྲུབ། ཕུག་ལམ་གྱི་རིང་ཚད་བསྡོམས་འབོར་སྨི4180ཡོད་པ་དང་བོད་རིགས་དང་རྒྱ་རིགས་སོགས་མི་རིགས་སོ་སོའི་མི་དམངས་ཀྱིས་རེ་འདུན་ཟབ་མོ་བཅངས་པའི་ཕུག་ལམ་ནི་བདེ་བླག་ངང་ལེགས་འགྲུབ་བྱུང་བ་རེད། ཕུག་ལམ་དེ་ནི་རྒྱལ་ཡོངས་སུ་ཕུག་ལམ་ལས་ཡུན་ཆེས་རིང་བ་དང་། གཏིང་ཚད་ཆེས་ཟབ་མོ། མཚོ་འཕགས་ཆེས་མཐོ་བ། ས་སྙིང་འཐེན་ཤུགས་ཆེས་ཆེས་བའི་མུ་འབྲེལ་རི་བོ་མཐོན་པོའི་གཞུང་ལག་ཐོག་གི་ཕུག་ལམ་ཆེས་རིང་ཤོས་ཤིག་ཡིན་པ་རེད།

      འུ་ལག་རི་བོའི་ཕུག་ལམ་བསྐྲུན་རྗེས་མི་རྣམས་སྔོན་མར་རླངས་འཁོར་ལ་བསྡད་དེ་འུ་ལག་རི་བོ་བརྒལ་བའི་ཉེན་ཁར་སེམས་ཁྲལ་བྱ་མི་དགོས་པར་མ་ཟད། སྐར་མ5ལས་ཁྲོན་བོད་གཞུང་ལམ་ཐོག་གི་རི་བོ་མཐོན་པོ་དང་པོ་སྟེ་འུ་ལག་རི་བོ་བརྒྱུད་ཐུབ་པ་རེད། དེའི་སྐབས་སུ་ང་ཚོར་ཆ་མཚོན་ནས་བཤད་ན། འུ་ལག་རི་བོའི་ཕུག་ལམ་བསྐྲུན་རྗེས་རྒྱ་ཡུལ་དུ་སྐྱོད་པ་དང་དཀར་མཛེས་ཁུལ་དུ་ཚུར་ཡོང་སྐབས་ཚང་མར་སྟབས་བདེ་མོ་ཁྱེར་ཡོང་བའི་ཚོར་སྣང་དེ་མྱོང་དཀའ་རྒྱུ་རེད། འོན་ཀྱང་ཁྲོན་བོད་གཞུང་ལམ་ལས་མྱོང་མཁན་གྱི་མི་རྣམས་ཀྱིས་མི་ཚེ་ཧྲིལ་པོར་ལམ་ལས་པའི་དཀའ་ཚེགས་ཆེན་པོའི་ལོ་ཟླ་དེ་རྗེད་ཐུབ་རྒྱུ་མ་རེད།

     འུ་ལག་རི་བོའི་ཕུག་ལམ་དེ་མྱུར་བགྲོད་དུས་རབས་སུ་སླེབས།

      ཁྲོན་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་བྱུང་བ་ནས་བཟུང་མཚོ་བོད་མཐོ་སྒང་ལ་གནམ་ས་བླ་འོག་འགྱུར་བའི་འཕོ་འགྱུར་བྱུང་། སྔོན་མར་ཇ་ཁུག་ཕྲུག་གཅིག་གཡག་རྔ་ནས་དར་མདོ་བར་འདྲེན་དགོས་ན་ཉིན་ལམ་བདུན་འགོར་བར་མ་ཟད། ད་རུང་ལམ་བར་དུ་དཀའ་བ་ཚད་མེད་མྱོང་དགོས་པ་རེད། དེང་སང་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་བྱུང་ནས་ཇ་ཏུན་གྲངས་མང་པོ་ཉིན་གཅིག་ནང་དར་མདོར་འདྲེན་ནས་སླེབས་ཐུབ་པ་རེད།

      དཀར་མཛེས་ཁུལ་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་གྲབས་ཡོད་པའི་དུས་སྐབས་སུ་འུ་ལག་རི་བོའི་ཕུག་ལམ་གསར་པ་དེ2014ལོའི་སྤྱི་ཟླ4པར་དངོས་སུ་ལས་འགོ་ཚུགས་ཏེ་ལས་ཡོད་ཅིང་། ཕུག་ལམ་ཧྲིལ་པོའི་རིང་ཚད་སྤྱི་ལེ13ལྷག་ལྡན་པ་དེ་ཐོག་མའི་འུ་ལག་རི་བོའི་ཕུག་ལམ་ལས་སྤྱི་ལེ10ཉེ་བ་བསྲིངས་ཡོད། དུས་རབས་གསར་པར་དཀར་མཛེས་ཁུལ་ནས་ཁྲེང་ཏུའུ་བར་གྱི་བར་ཐག་དེ་བས་ཇེ་ཐུང་དུ་འགྲོ་ནས་སྔོན་མར་དར་མདོ་ནས་ཁྲེང་ཏུའུ་བར་ཉིན་གཉིས་འགྲོ་དགོས་པའི་ལོ་རྒྱུས་ནི་ཡོལ་ནས་སླར་མི་ཡོང་བ་དང་། ཉིན་གཅིག་ནང་དར་མདོ་ནས་ཁྲེང་ཏུའུ་བར་ཕར་འགྲོ་ཚུར་ལོག་ཐུབ་པ་རེད། ད་ལྟར་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་དུས་རབས་གསར་པར་བསླེབས་ཡོད་ཅིང་། དཀར་མཛེས་ཁུལ་གྱི་མི་དམངས་རྣམས་ཀྱི་འཚོ་བའང་འགྲིམ་འགྲུལ་ཆ་རྐྱེན་ཟམ་མི་ཆད་པར་ལེགས་བཅོས་བྱས་པར་བརྒྱུད་ཉིན་རེ་ལས་ཉིན་རེར་དེ་བས་བདེ་སྐྱིད་ཡོང་ཐུབ་ངེས་རེད།།


  • ལེ་ཚན་སྔོན་མ།:སྐྱིད་པོ་ཡི་ཉི་མ་ཤར།ལོ་ལེགས་ལ་རྟེན་འབྲེལ་ཞུས།
  • ལེ་ཚན་རྗེས་མ།:སྡེ་དགེ་པར་ཁང་གིས་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཐོག་བོད་ཡིག་པར་འདེབས་རིག་གནས་འགྲེམ་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།