བརྩོན་པའི་ས་བོན་འདེབས་པས་ན།བདེ་སྐྱིད་འཚོ་བའི་མེ་ཏོག་བཞད།

དབྱངས་ཅན་གྱིས་བསྒྱུར།        2018-08-01

   རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡོད་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་ལགས་ཀྱིས་ང་ཚོར་དབུ་ཁྲིད་མཛད་ནས་འཚོ་བ་སྐྱིད་པོ་རོལ་ཐུབ་པས་ཏང་དང་སྤྱི་ཁྱབ་ཧྲུའུ་ཅི་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་སྤྱི་ཟླ7པའི་ཚེས23ཉིན། སྡེ་དགེ་རྫོང་དཔེ་ཝ་ཤང་ཉིན་འགྲུབ་གྲོང་སྡེའི་བདེ་བོ་ཚོ་ཆུང་གི་ལོ་ན59ལོན་པའི་ཡུལ་མི་སྒྲོལ་མ་ལྷ་མཚོས་མགྲོན་ཁང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལགས་ཀྱི་ཐང་གའི་འདྲ་པར་འགེལ་ཞོར་དུ་རང་ཉིད་ཀྱི་བཀའ་དྲིན་གྱི་བསམ་ཚུལ་འདི་བཤད་པ་རེད།

སྒྲོན་མ་ལྷ་མཚོ་ཚང་ནི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་ཤིག་རེད། ཁོ་མོའི་ཁྱིམ་དུ་བཟའ་མི8ཡོད་པས་མ་དངུལ་མི་འདང་བ་དང་ནད་ཕོག་ནས་དབུལ་ཕོངས་སུ་གྱུར་པ་རེད། 2014ལོར་ཆ་སྙོམས་ཡོང་འབབ་སྒོར1032.43ལས་མེད་ཅིང་། ན་ལོར་སྒྲོལ་མ་ལྷ་མཚོ་ཚང་ལ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར4078.32ཐོབ་ནས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཐུབ་པ་རེད།

    སྒྲོམ་མ་ལྷ་མཚོས་དབུལ་ཕོངས་དུད་ཚང་གི་ཡོང་འབབ་དོན་གསལ་བྱང་བུ་ཁྱེར་ནས་གསར་འགོད་པར་ཞིབ་ཕྲའི་ཐོབ་ཆ་དེ་ལྟ་རུ་བཅུག་ནས། ལོ་ཁ་ཤས་ལས་མ་འགོར་བར་ངེད་ཚང་གི་ཡོང་འབབ་ལྡབ་གཉིས་འཕར་ཡོད་པ་དེ་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་བཤད། དབུལ་ཕོངས་དུད་ཚང་གི་ཡོང་འབབ་སྤྱི་བསྒྲགས་ཀྱི་བྱང་བུའི་ཐོག་ཏུ་གསར་འགོད་པས2017ལོར་སྒྲོལ་མ་ལྷ་མཚོ་ཚང་གི་འབྲོག་བསྐྱུར་རྩྭ་འདེབས་དང་།རྨོ་བསྐྱུར་ནགས་སྤེལ། འབྲུ་རིགས་ཁ་གསབ། ནགས་དབང་ཡོང་འབབ་བཅས་ཀྱི་ཁ་གསབ་ཡོང་འབབ་སྒོར6094.52ཡོད་པ་དང་། ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་ཐད་ཟླ་བ་རེར་སྒོར150དང་ལོ་རེར་སྒོར1800ཡོད་ཅིང་། མཚོ་འཕགས་མཐོ་བའི་ཁ་གསབ་རོགས་དངུལ་སྤྲོད་ཐོག་མ་མཐའི་འཚོ་རྟེན་འགན་སྲུང་གི་མ་དངུལ་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྒོར3632ཡོད་པ་རེད། ཁྱིམ་ཚང་དུ་སྤྱི་ཕན་རང་བཞིན་གྱི་ལས་གནས་གཉིས་ཡོད་པ་སྟེ། གྲོང་སྡེའི་ས་ཞིང་དོ་དམ་བྱེད་རོགས་པའི་ལས་གནས་ལ་ཡོང་འབབ་སྒོར8000དང་གྲོང་སྡེའི་ནགས་སྐྱོང་པའི་ལས་གནས་ལ་ཡོང་འབབ་སྒོར13100ཡོད། ལོ་ཧྲིལ་པོར་ཡོང་འབབ་སྒོར32626.52ཡོད་པ་དང་ཆ་སྙོམས་མི་རེར་ཡོང་འབབ་སྒོར4078.32ཡོད་པ་རེད།

   སྡོད་ཁང་འདི་ངེད་ཚོའི་ཆེས་ཆེ་བའི་འགྱུར་ལྡོག་ཡིན། ལྟོས་དང་སྡོད་ཁང་འདིར་མགྲོན་ཁང་དང་ཉལ་ཁང་ཆེན་པོ་ཡོད་པ་དང་། ཆབ་ཁང་དང་ཇ་ཁང་བཅས་ཡོད་པས། གྲོང་ཁྱེར་ནས་འོངས་པའི་མི་ཚོས་ཀྱང་འདིར་ལྟ་སྐོར་བྱེད་སར་འོངས་ནས་སྡོད་ཁང་འདིར་གཞིས་མིན་སྤྲོ་ཁང་རེད་ཅེས་ཟེར་འདུག

   སྒྲོལ་མ་ལྷ་མཚོ་ཚང་ལ་ཁང་བརྩེགས་གཉིས་ཅན་གྱི་གཞིས་མིན་སྤྲོ་ཁང་ཞིག་ཡོད། གཞི་ཁྱོན་སྨི་གྲུ་བཞི་མ200ལྡན་པ་དང་མགྲོན་ཁང་གཅིག་དང་ཉལ་ཁང་ལྔ།ཇ་ཁང་གཅིག་དང་ཆབ་ཁང་གཅིག་བཅས་ཡོད།མགྲོན་ཁང་ནང་དུ་ས་གདན་བཏིང་ཡོད་པ་དང་།ཇ་ཁང་དུ་སྲོལ་རྒྱུན་གྱི་བོད་པའི་ཐབ་ཆས་ཡོད་པར་ཕུད་ད་དུང་སྤྱོད་གོ་ཆོད་པའི་གློག་ཆས་ཡོད།ཆབ་ཁང་དུ་དེང་རབས་ཀྱི་གཙང་སྦྲ་བྱེད་ཆས་གོས་འཁྲུད་འཕྲུལ་ཆས་དང་ཆུ་ཚན་སྐོལ་ཆས་སོགས་ཆ་ཚང་ཡོད་པ་རེད། སྒོ་ཁར་སྨི་གྲུ་བཞི་མ10ཙམ་གྱི་སྒོ་ར་ཆུང་ཆུང་ཞིག་དང་ཉེ་འགྲམ་དུ་སྨི་གྲུ་བཞི་མ20ཡན་མན་གྱི་སྔོ་ཚལ་འདེབས་ཞིང་ཞིག་ཡོད་པས། དངོས་གནས་ཞིང་པའི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་གི་མཚོན་ཚུལ་ཞིག་ཡིན་པ་རེད།

   སྔོན་མར་ང་ཚོའི་ཁྱིམ་ཚང་འདི་དབུལ་པོ་དབུལ་རྐྱང་ཞིག་ཡིན། འདི་འདྲའི་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པ་ནི་རྨི་ལམ་ནང་ལའང་རྨིས་མ་མྱོང་། ན་ལོའི་ཟླ་བ12པའི་སྔོན་དུ་ང་ཚོའི་གྲོང་སྡེ་ཡོངས་རྫོགས་ད་དུང་རི་རྐེད་དུ་དཀའ་སྡུག་གི་འཚོ་བ་རོལ་བཞིན་ཡོད། ཉིན་འགྲུབ་གྲོང་སྡེ་འདི་གྲོང་སྡེ་ཚང་མ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་པའི་གྲོང་སྡེ་ཞིག་ཡིན། སྔོན་མར་གྲོང་སྡེ་འདི་ད་ལྟར་གནས་ཡུལ་སྤོས་པའི་གྲོང་སྡེ་འདིའི་ཐོག་གི་ལ་རྐེད་ལ་ཆགས་ཡོད། སྡོད་ཁང་ནི་རྙིང་ཧྲུལ་གྱི་སྡོད་ཁང་ཡིན་ལ།གཞུང་ལམ་མེད་པ་དང་ཆུ་མི་འདང་བ།ཐོན་ལས་འཕེལ་རྒྱས་གཏོང་ཐབས་བྲལ་ནས་འཚོ་བ་ཧ་ཅང་སྡུག་པོར་ཡིན་པ་རེད། གྲོང་སྡེ་ཡོངས་རྫོགས་གནས་སྤོས་བྱས་ཚར་རྗེས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གྲོང་མིར་གཞིས་མིན་སྤྲོ་ཁང་ཆུང་གྲས་བསྐྲུན་ཡོད་པར་མ་ཟད།ད་དུང་སྔོ་ཚལ་དྲོད་ཁང10དང་བོད་ཕག86གསོ་སྤེལ་བྱ་ཡུལ་བསྐྲུན་ནས་གྲོང་མིའི་ཡོང་འབབ་འཕར་སྣོན་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད་ཅེས་སྒྲོལ་མ་ལྷ་མཚོས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད།

    སྔོན་མར་ང་ཚོའི་ཁྱིམ་ནང་ཧ་ཅང་དབུལ་པོ་ཡིན་པའི་རྐྱེན་གྱིས་ཨ་མར་ནད་ཕོག་སྐབས་སྨན་བཅོས་བྱེད་ཡས་ཀྱང་མེད་པ་རེད། ད་ལྟར་ཞིང་སྡེའི་སྨན་བཅོས་ཉེན་འགོག་འགན་ལེན་ཡོད་པས་ཨ་མའི་ནད་ལྟ་ཐུབ་པ་དང་སྨན་བཅོས་བྱེད་ཡས་སྒོར་མོ་ཡང་མང་པོ་སྤྲོད་མི་དགོས་པ་རེད་ཅེས་སྒྲོལ་མ་ལྷ་མཚོ་ཚང་གི་མནའ་མ་གཡང་འཛོམས་ཀྱིས་སྐད་ཆའི་བར་འཚང་བརྒྱབ་ནས་དེ་ལྟར་བཤད།

   ལྷན་ཕེབས་གྲོང་སྡེར་བཅའ་སྡོད་བྱེད་མཁན་ཧྲུའུ་ཅི་དང་པོ་བསོད་ནམ་ཉི་མས་གསར་འགོད་པར་སྡེ་དགེ་རྫོང་གིས་ཁུལ་ཨུའི་གསོ་སྐྱོང་ལས་གྲྭ་དང་འབྲེལ་ཏེ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་སྐུལ་འདེད་གཏོང་བ་དང་། དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཡོང་བ། མང་ཚོགས་ཡོང་ འཕར་ཕྱུག་འགྱུར་ཡོང་བའི་ལས་ཀ་སྐུལ་འདེད་གཏིང་ཟབ་གཏོང་བའི་རྨང་གཞིའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདྲ་པར་དང་། ཏང་གི་དྲིན་ལེན་དྲན་པ་དང་། མེས་རྒྱལ་ལ་དགའ་བ། ཁྲིམས་ལུགས་བརྩི་སྲུང་། འབྱོར་འབྲིང་ལམ་དུ་སྐྱོད་པ་བཅས་ཀྱི་བརྗོད་དོན་གཙོ་བོ་བྱས་པའི་ཐང་གའི་རི་མོ། དམངས་ཕན་སྲིད་ཇུས་ཀྱི་དྲིལ་བསྒྲགས་འགེལ་རིས། ཡ་རབས་དར་སྤེལ་གྱི་སྤྱི་ཆིངས། ལོ་ལྔའི་ཁྲིམས་ལུགས་ཁྱབ་བརྡ་གཏོང་ཐེངས་བདུན་པ། གྲོང་སྲོལ་དམངས་ཆིངས་བཅས་གཅིག་ཅན་དྲུག་ཞིང་པའི་ཁྱིམ་དུ་སྐྱེལ་བའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། རྫོང་ཡོངས་ཀྱི་ཞིང་འབྲོག་པ་ཚོར་ཏང་གི་དྲིན་ལེན་དྲན་ཤེས་པ་དང་། ཁྲིམས་ལུགས་གོ་ཐུབ་པ་དང་སྤྱོད་ཤེས་པ། གོམས་སྲོལ་བཟང་པོ་ཆགས་ཐུབ་པ་བཅས་བྱས་ཏེ།འབད་པ་ཧུར་ཐག་གིས་འབྱོར་འབྲིང་གི་ལམ་དུ་སྐྱོད་གང་ཐུབ་བྱེད་བཞིན་པ་རེད་ཅེས་བཤད།

    སྒྲོན་མ་ལྷ་མཚོས་ཧྲུའུ་ཅི་དང་པོའི་སྐད་ཆར་ཉན་རྗེས།དེ་རིང་གི་འཚོ་བ་སྐྱིད་པོ་འདི་ཏང་གི་སྲིད་ཇུས་བཟང་པོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱི་མཁས་འཛངས་ལྡན་པའི་དབུ་ཁྲིད་མཛད་པའི་བཀའ་དྲིན་ཡིན། ང་ཚོས་ཏང་གི་བཀའ་དྲིན་དྲན་ཤེས་པ་དང་།མེས་རྒྱལ་ལ་དགའ་བ། ཁྲིམས་ལུགས་བརྩི་སྲུང་།ཡ་རབས་ཚུལ་ལྡན་ལ་དོ་སྣང་བྱེད་པ་ཡིན། སྔོན་མར་དཀའ་སྡུག་མང་པོ་མྱངས་ནས་འཚོ་བ་རོལ་དགོས་ཀྱི་ཡོད།ད་ལྟར་ནམ་ཡང་ལོ་སར་བྱེད་བཞིན་པ་དང་འདྲ་འདྲ་ཡིན་པས་ངོ་མ་སྐྱིད་པོ་རེད། ང་རང་ལོ་ན59ལས་མེད་པས་ད་དུང་ལོ་བཅུ་སོ་འགའ་སྡོད་ཐུབ་པ་རེད།ཏང་གི་སྲིད་ཇུས་འདི་འདྲ་བཟང་པོ་དང་།ལས་བྱེད་པ་ཚོས་ང་ཚོར་རོགས་རམ་འདི་འདྲ་བྱེད་བཞིན་འདུག ང་ཚོས་ཀྱང་འབད་བརྩོན་ཧུར་ཐག་བྱས་ནས་རང་རེའི་ཁྱིམ་ཚང་གི་འཚོ་བ་དེ་བས་སྐྱིད་པོ་རོལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་སྒྲོལ་མ་ལྷ་མཚོས་གདོང་ལ་འཛུམ་གྱིས་ཁེངས་ནས་ཡིད་ཆེས་རྟན་པོའི་སྒོས་དེ་ལྟར་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:བྲག་འགོ་རྫོང་གིས་དམག་འཛུགས་དུས་ཆེན་བསུ་མ་བྱེད་པའི་བཞུགས་མོལ་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གི་མི་བདུན་འཚེམ་བཟོའི་ཟབ་སྦྱོང་འཛིན་གྲྭ་ནས་སློབ་མཐར་ཕྱིན་པ།
  • དོ་སྣང་ཆེ་བའི་རྩོམ།