ཁ་ཤ་གསོས་ནས་ཕྱུག་འགྱུར་གྱི་སྒོ་མོ་འབྱེད།

དབྱངས་ཅན་གྱིས་བསྒྱུར།        2018-07-11

    སྤྱི་ཟླ7པའི་ཚེས5ཉིན། གསར་འགོད་པ་རླངས་འཁོར་བསྡད་དེ་བྲག་འགོ་རྫོང་ནོར་ཆུང་ཤང་གཞི་རི་གྲོང་སྡེའི་ཁ་ཤ་གསོ་སྤེལ་བྱ་ཡུལ་བཅར་འདྲི་བྱེད་དུ་ཕྱིན་སྐབས།གསོ་སྤེལ་ར་བའི་ཚང་ཚིང་ཁྲོད་དུ་ཁ་ཤ་ཡིས་རྩྭ་སྔོན་བཟའ་བཞིན་པའི་རྣམ་པ་མཐོང་རྒྱུ་འདུག

   གསར་འགོད་པ་གསོ་སྤེལ་བྱ་ཡུལ་དུ་སླེབས་སྐབས། གྲོང་མི་འོད་དཔལ་གྱིས་ལག་ཏུ་གཟན་ཆག་གཞོང་པ་གང་ཁྱེར་ནས་ཁ་ཤ་རྣམས་ལ་སྦྱིན་བཞིན་པའི་སྒང་རེད། ང་ཚོ་སླེབས་འོངས་པར་མཐོང་སྐབས་ཁ་ཤ་དེ་དག་ས་མཆོང་གནམ་མཆོང་བྱས་ཏེ་རྩེད་འཇོ་བྱེད། འོད་དཔལ་གྱིས་ངོ་སྤྲོད་བྱས་ནས་བཤད་དོན། ཁ་ཤའི་ལུས་པོ་ཚང་མ་གཅེས་ནོར་ཡིན་ལེ་རེད། ཁ་ཤའི་ཁྲག་རྭ་དང་ཁྲག་ནི་སྨན་ནང་འཇུག་པ་དང་། ཤྭ་བའི་ལྤགས་པ་ནི་གནས་གོང་ཆེ་བའི་ལྤགས་རིགས་ཡིན་པས་མ་ཚད། ཐ་ན་རུས་པས་ཀྱང་གོང་རག་པ་རེད། ཁོས་ང་ཚོར་ཁ་ཤ་ལ་གཟན་ཆག་ཅི་ཞིག་བྱིན་ན་ཆོག་པས་གསོ་ཚགས་བྱེད་བདེ་བར་མ་ཟད་མི་སེར་ཚོས་ཡོངས་ཁྱབ་ཏུ་གཟན་ཆག་འདེབས་འཛུགས་བྱེད་པ་རེད་ཅེས་བཤད་པ་རེད།

   ད་ལྟའི་ཚོང་ལམ་ལ་བལྟས་ན་སྤྱིར་བཏང་གི་ཁ་ཤ་རེའི་ཁྲག་རྭ་ལ་ཁེ་སྤོགས་སྒོར5000ལྷག་རག་གིན་ཡོད་པ་རེད། ཁ་ཤ་རེར་གསོ་ཚགས་བྱེད་གྲོན་སྒོར1000ཙམ་ལས་མི་དགོས་པས། ཞོག་ཁོག་མུའུ10འདེབས་འཛུགས་བྱེད་པ་ལས་དགའ་བ་རེད་ཅེས་འོད་དཔལ་གྱིས་ང་ཚོ་ལ་དེ་ལྟར་ཞིབ་རྩིས་ཤིག་བརྒྱབ་པ་རེད།

   གཞི་རི་གྲོང་སྡེའི་ཁ་ཤ་གསོ་སྤེལ་བྱ་ཡུལ་དེ་ནོར་ཆུང་ཤང་སྲིད་གཞུང་དང་སྤྱི་ལེ4ལས་མི་རྒྱང་བ་རེད། གྲོང་སྡེའི་ནང་གི་རང་བྱུང་རྩྭ་ར་དེ་ནི་ཁ་ཤའི་སྤྲོ་སྐྱིད་གླིང་གར་གྱུར་འདུག ལོ་ཆེ་ཆུང་མི་འདྲ་བའི་ཁ་ཤ་དེ་ཚོ་སོས་དལ་བག་ཕེབས་ངང་ནས་དུམ་བུ་མང་པོ་བགོས་པའི་ཁོད་སྙོམས་ཀྱི་རྩྭ་རའི་ནང་འགྲོ་བཞིན་མཆིས། གྲོང་སྡེའི་ཧྲུའུ་ཅི་དང་པོ་ལུའི་པུའོ་ཡིས་ཕག་དང་ནོར་ཟོག བྱ་བཅས་གསོ་ཚགས་བྱས་པ་ལས་ཁ་ཤ་གསོས་ན་དགའ་འདུག ནད་འགོག་ནུས་ཡོད་པས་གསོ་ས་བདེ་མོ་ཡིན་ལ། གཟན་ཆས་ཀྱང་གྲོན་ཆུང་བྱེད་ཆོག་པ་རེད། མི་གསུམ་ཙམ་གྱིས་ཁ་ཤ100ལྷག་གསོ་ཚགས་བྱེད་ཐུབ་པར་མ་ཟད་སེམས་ཁྲལ་ཅི་ཡང་བྱེད་མི་དགོས་འདུག་ཅེས་བཤད་པ་རེད།

    གྲོང་སྡེའི་ཁྱད་ཆོས་ལྡན་པའི་གསོ་སྤེལ་ལས་རིགས་སྐོར་གླེང་སྐབས། ལུའི་པུའོ་ཡིས་གསར་འགོད་པར་གཞི་རི་གྲོང་སྡེ་ནི་ནོར་ཆུང་ཤང་གི་དབུལ་སྐྱོར་གནད་སྨིན་གྱི་གྲོང་སྡེ་ཡིན། གྲོང་སྡེའི་ཐོན་ལས་ཆགས་ཚུལ་གཅིག་རྐྱང་ཡིན་སྟབས་གྲོང་མིར་ཕྱུག་འགྱུར་གྱི་ཐབས་ལམ་མེད་པ་རེད། ལོ་གཉིས་ཀྱི་སྔོན་དུ་གྲོང་མི་ཚོས་སྲོལ་རྒྱུན་གྱི་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་རྐྱང་པར་བརྟེན་ན་རྒྱུན་ལྡན་གྱི་འཚོ་བའི་དགོས་མཁོ་མ་གཏོགས་སྐོང་མི་ནུས་པས་འབྱོར་འབྲིང་གི་འཚོ་བ་དང་ད་དུང་ཧེ་བག་ངེས་ཅན་ཡོད་པ་རེད་ཅེས་བཤད། 2017ལོའི་ཟླ་བ4པར་བྲག་འགོ་རྫོང་གི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཡུལ་དེའི་ཤང་གི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། རོང་བྲག་རྫོང་དང་། བརྒྱད་ཟིལ་རྫོང་། ལིའང་ཧྲན་ཁུལ་མེན་ཉིན་རྫོང་དུ་ཕྱུག་འགྱུར་གྱི་ཐབས་ལམ་སློབ་སྦྱོང་བྱེད་དུ་ཕྱིན་པར་བརྒྱུད། གྲོང་སྡེ་དེས་ཡུལ་བབ་དང་བསྟུན་ནས་བརྒྱད་ཟིལ་རྫོང་དཀར་གྲོང་རྡལ་ཆུ་ཁུག་གྲོང་སྡེའི་ཁ་ཤ་གསོ་སྤེལ་རྟེན་གཞི་ནས་ལག་རྩལ་ནང་འདྲེན་བྱས། 2017ལོའི་ཟླ་བ8པར་གྲོང་སྡེ་དེས་ཁ་ཤ་གསོ་སྤེལ་རྟེན་གཞི་དང་མཉམ་ལས་བྱས་ཐོག མ་དངུལ་སྒོར་ཁྲི200བཏང་ནས་ཅི་ལིན་ཞིང་ཆེན་ནས་ཁ་ཤ70ནང་འདྲེན་བྱས་ཏེ་གྲོང་སྡེའི་ནང་གསོ་སྤེལ་བྱེད་ས་བསྐྲུན་པ་རེད།མིག་སྔའི་བར་དུ་གསོ་སྤེལ་རྟེན་གཞི་ནས་ཐེངས་དང་པོར་ཤྭ་བའི་ཁྲག་རྭ་སྤྱི་རྒྱ5.4བཅད་ནས་བཙོང་རྗེས་ཁེ་སྤོགས་སྒོར་ཁྲི5རག་པ་རེད།

   ད་ལྟར་ནོར་ཆུང་ཤང་ཏང་ཨུ་དང་སྲིད་གཞུང་གིས་སྤྱིར་གཉེར་ཁང་དང་མཉམ་ལས་ཁང་དབུལ་ཕོངས་དུད་ཚང་བཅས་མཉམ་འབྲེལ་བྱེད་པའི་བྱེད་སྟངས་སྤྱད་ནས།གཞི་རི་གྲོང་སྡེའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་དང་རྒྱས་བཅད་ཁེ་སྤོགས་བགོ་བཤའ་རྒྱག་པའི་རོགས་སྐྱོར་བྱེད་པའི་གྲོས་མཐུན་ཡི་གེ་བཞག་ནས། མཉམ་ལས་ཁང་གི་རྒྱས་བཅད་ཁེ་སྤོགས་བགོ་བཤའ་རྒྱག་པར་ལོངས་སྤྱོད་བྱ་རྒྱུ་དང་།གཞི་རི་གྲོང་སྡེའི་ཁ་ཤ་གསོ་སྤེལ་བྱེད་ས་དེ་མཉམ་ལས་ཁང་གིས་སྣེ་ཁྲིད་ནས། དུད་ཚང་ཚོ་དབུལ་ཕོངས་མཉམ་ལས་ཁང་དེར་ཞུགས་ནས་ཐུན་མོང་དུ་ཡོང་འབབ་འཕར་སྣོན་བྱུང་ནས་ཕྱུག་འགྱུར་བྱས་དང་བྱེད་བཞིན་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁུལ་གྱི་ལས་གཞིའི་སྦྲེལ་མཐུད་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:འདབ་པ་རྫོང་གིས་ནུས་ཤུགས་ཡོད་དགུས་ཆུ་འབྲུབ་དུས་ཀྱི་ཉེན་མེད་འགན་སྲུང་བྱེད།
  • དོ་སྣང་ཆེ་བའི་རྩོམ།