གནའ་བོའི་ཚོང་འདྲེན་རྡལ་ལམ་ལ་འཕེལ་ཁ་གསར་པ་བསྣན།

ཡེ་མགོན་གྱིས་བྲིས།        2018-06-29


   མཐོང་ཆོས་སུ་གྱུར་པའི་གནའ་བོའི་རྡལ་ལམ་གྱི་རྗེས་ཤུལ།

   ཐེངས་འདིར་ཆེད་རམས་པ་ཚོས་རྟོག་ཞིབ་བྱེད་སའི་སྒར་ཚུགས་ནི་ལྕགས་ཟམ་རྫོང་ལ་ངོས་ཤང་གི་མངའ་ཁོངས་སུ་ཡིན་ཞིང་། དཀར་མཛེས་ཁུལ་གྱིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག དུས་རབས་གསར་པའི་རྒྱབ་ལྗོངས་འོག་ས་ཟུར་ལུང་ཁུག་ཏུ་ཆགས་པའི་གྲོང་གསེབ་དང་གྲོང་རྡལ་འདི་དག་ལ་སླར་ཡང་རང་ངོས་འཕེལ་རྒྱས་གཏོང་བའི་གོ་སྐབས་འཁེལ་བ་རེད།

    དཀར་མཛེས་ཁུལ་ནི་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་སྒར་ཚུགས་གལ་ཆེན་ཡིན་ལ། ཇའི་འཛད་སྤྱོད་ཚོང་ར་གཙོ་བོའང་ཡིན་པ་རེད། དེང་སང་དེང་རབས་ཀྱི་འགྲིམ་འགྲུལ་ཡོ་བྱད་ཀྱིས་གནའ་བོའི་ཇ་འདྲེན་རྡལ་ལམ་ཐོག་གི་རྟ་དྲེལ་རྡལ་པ་དང་དོ་པོ་དབོར་མཁན་གྱི་ཚབ་བྱེད་ཀྱིན་ཡོད་མོད། གནའ་བོའི་ཇ་འདྲེན་རྡལ་ལམ་གྱི་མི་ཆོས་སྙིང་སྟོབས་ནི་འགྲོ་བ་མིའི་བླ་ན་མེད་པའི་གསར་གཏོད་ཀྱི་སྙིང་སྟོབས་ཡིན་པས་མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུའི་འོས་འགན་ང་ཚོ་མི་རབས་འདིའི་ཕྲག་ཏུ་ཡོད་པ་རེད།

འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་སུ་བཀོད་པ་ལྟར་ན། ལྕགས་ཟམ་རྫོང་ལ་ངོས་ཤང་ནི་རྒྱལ་རབས་རིམ་བྱུང་གིས་དོ་ཁུར་བྱས་པའི་མཐའ་མཚམས་འགག་སྒོའི་དམག་དོན་སྒར་ཚུགས་ཡིན་ཞིང་། ས་གནས་འདི་ནི་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་རྗེས་ཤུལ་དང་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་ཇ་ཚོང་ཁང་གི་རྗེས་ཤུལ་ཡིན་ལ། ཁམས་ཁུལ་དུ་ཨང་དང་པོར་བཙུགས་པའི་གསར་བརྗེའི་སུའུ་ཝེ་ཨེད་སྲིད་གཞུང་དང་ཏང་སྲིད་དམག མང་ཚོགས་ལས་རིགས་ཚོགས་པ་སྒྲིག་འཛུགས་བྱེད་སའང་ཡིན་པ་རེད། ལ་ངོས་ཤང་དུ་གནའ་བོའི་ཚོང་འདྲེན་རྡལ་ལམ་ཐོག་དོ་པོ་དབོར་མཁན་གྱི་གནས་ཚང་དང་དོ་པོ་བཞག་སའི་ཁང་པ། རྟ་དྲེལ་ལ་ཁལ་ཕབ་སའི་སྟེགས་ཁྲི། རྟ་དྲེལ་གསོ་སའི་རྟ་ཁང་བཅས་ཀྱི་རྗེས་ཤུལ་ལ་ཆེད་རམས་པ་དང་མཁན་ཅན་ཚོས་རེ་རེ་བཞིན་དུ་རྟོག་ཞིབ་མཛད་པ་རེད། ལ་ངོས་ཤང་ངོས་འགྲུབ་གྲོང་སྡེའི་ནང་རྡོ་ཡིས་བརྩིགས་པའི་རྒྱལ་རའི་རྩིག་ཟུར་དུ་རིང་ཚད་སྤྱི་ལེ་གཅིག་ཙམ་དང་ཞེང་ཚད་སྐར་མ80ཙམ་ཡོད་པའི་གནའ་བོའི་ཚོང་འདྲེན་ལྡལ་ལམ་གྱི་ལམ་ཤུལ་དུམ་བུ་ཞིག་རྙེད་ཅིང་། གནས་ཚུལ་འདི་མཐོང་རྗེས་ཆེད་རམས་པ་དང་མཁན་ཅན་ཚོས་གཅིག་རྗེས་གཉིས་མཐུད་དུ་རྩིག་ངོས་ལ་ལག་པས་འཇུས་ནས་གནའ་བོ་ལྡལ་ལམ་ཐོག་བསྐྱོད་དེ་རྟ་དྲེལ་དང་དོ་པོ་དབོར་མཁན་གྲངས་ལས་འདས་པ་འགྲོ་མྱོང་བའི་གནའ་ལམ་གྱི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཞིབ་ཆ་ལ་མྱོང་ཚོར་ཟབ་མོ་ལེན་པ་རེད།

དེ་དང་ཆབས་ཅིག དེང་སང་ལོ་ན92ལ་སོན་པའི་ལ་ངོས་ཤང་གི་ཡུལ་མི་ཀའོ་ཀྲེན་ཁུའེ་ནི་ལོ་ན15ཡི་ཐོག་ནས་ཁྲོན་བོད་ཚོང་འདྲེན་རྡལ་ལམ་ཐོག་ཇའི་དོ་པོ་དབོར་མཁན་བྱས་ཏེ་གནའ་བོའི་རྡལ་ལམ་འདི་རུ་འགྲོ་འོང་གྲངས་ལས་འདས་པ་བྱས་མྱོང་ད་ལྟའང་འཚོ་གནས་བྱས་ཡོད་པའི་མི་རྒན་ཞིག་རེད། དེའི་སྐབས་སུ་འགག་སྨད་ནས་འུ་ལག་རི་བོ་བརྒྱུད་དེ་དར་རྩེ་མདོར་སླེབས་སྐབས་མ་མཐའ་ཡང་ཉིན་བཅོ་ལྔ་འགོར། དེང་སང་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་ཆུ་ཚོད་གཅིག་ཙམ་ལས་འགོར་ལེ་མ་རེད།དངོས་གནས་གནམ་ས་བླ་འོག་སྒྱུར་བའི་འགྱུར་ལྡོག་རེད་ཅེས་ཁོས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་ད་ལྟར་བཤད།

   དེང་རབས་འགྲིམ་འགྲུལ་གྱིས་གནའ་བོའི་རྡལ་ལམ་གྱི་ཚབ་བྱེད།

    གནའ་བོའི་ཚོང་འདྲེན་རྡལ་ལམ་བརྒྱུད་ཡུལ་དུ་ཆགས་པའི་འཚོ་བའི་གོམས་སྲོལ་ཉིད་ལོ་རྒྱུས་ཀྱི་དྲན་གསོའི་མེ་ལོང་དུ་གྱུར་པའི་དེང་གི་དུས་འདིར། ཆེད་རམས་པ་ཚོས་ད་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་ལོ་རྒྱུས་རིག་གནས་འདི་དཔལ་འབྱོར་རིན་ཐང་དུ་སྒྱུར་གང་ཐུབ་བྱ་རྒྱུ་དེ་ཡིན་པ་རེད།

    གྲོང་དམངས་ཅིན་ཨན་ནེང་གིས་བཤད་དོན། 1995ལོའི་སྔོན་དུ་ལ་ངོས་ཤང་དུ་མི་དང་རྟ་དྲེལ་འགྲོ་སའི་རྐང་ལམ་ཕྲ་མོ་ཉག་ཅིག་མ་གཏོགས་ཡོད་ལེ་མ་རེད། དེའི་སྐབས་སུ་ལ་ངོས་ནས་ལྕགས་ཟམ་ཁར་དོན་གཉེར་བྱེད་དུ་འགྲོ་དགོས་ན།ཕར་འགྲོ་ས་རྐྱང་པར་ཆུ་ཚོད6ནས8བར་འགོར་བས་འགྲིམ་འགྲུལ་གྱི་ཆ་རྐྱེན་ཧ་ཅང་ཞན་པ་རེད། དེའི་རྗེས་སུ་ལ་ངོས་ཤང་གི་གཞུང་ལམ་འགྲིམ་འགྲུལ་རིམ་བཞིན་འགྱུར་ལྡོག་བྱུང་ནས་དེང་སང་ལྕགས་ཟམ་ཁའི་བར་དུ་འགྲོ་དགོས་ན་ཆུ་ཚོད་ཕྱེད་ཀ་ལས་འགོར་བ་མ་རེད། གནམ་ས་བླ་འོག་གི་འགྱུར་བའི་གོམ་སྟབས་ཀྱིས་གནའ་བོའི་ཚོང་འདྲེན་རྡལ་ལམ་བརྒྱུད་ཡུལ་དུ་འཕེལ་ཁ་དར་བའི་གསོན་ཤུགས་གསར་པ་བསྣན་པ་ནི་སྨོས་མེད་རང་ཤུགས་སུ་གྲུབ་པའི་བདེན་དོན་ལ་གྱུར་དང་འགྱུར་བཞིན་ཡོད་པ་རེད།

    འགྲིམ་འགྲུལ་སྟབས་བདེར་གྱུར་རྗེས་ལ་ངོས་ཤང་གི་ཡུལ་ཐོན་ཁྱད་རྫས་ཕྱི་ཕྱོགས་སུ་ཚོང་བྲིན་པས་མ་ཚད།མི་སེར་ཚོས་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཞིང་ཁྱིམ་སྤྲོ་གསེང་གླིང་ག་འཛུགས་གཉེར་བྱས་པ་དང་ཆབས་ཅིག ལ་ངོས་ཤང་དུ་ཡུལ་སྐོར་འོང་མཁན་རིམ་བཞིན་ཇེ་མང་དུ་གྱུར་ནས་ཞིང་པ་ཚོའི་དཔལ་འབྱོར་ཡོང་འབབ་ཡར་ངོའི་ཟླ་བའི་རིགས་སུ་མཐུན། 2017ལོར་གཡག་རྔ་ནས་དར་མདོའི་བར་མྱུར་བགྲོད་གཞུང་ལམ་ལྕགས་ཟམ་རྫོང་ཁོངས་སུ་ཤར་གཏོང་ཐུབ་ནས་ལ་ངོས་ཤང་གི་ཡུལ་སྐོར་ཐོན་ཁུངས་ལ་སྔར་བས་དཔལ་འབྱོར་རིན་ཐང་ཆགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ལྔ་གཅིག་གི་གུང་སེང་ཐུང་ངུ་རྐྱང་པའི་ནང་ལྕགས་ཟམ་རྫོང་གིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི3.47སྣེ་ལེན་བྱས་པའི་ནང་ལ་ངོས་སུ་ཡུལ་སྐོར་འགྲོ་མཁན་གྱི་འགྲུལ་པས་ཧ་ལམ་གསུམ་ཆ་གཅིག་བཟུང་བ་རེད།

    དཀར་མཛེས་ཁུལ་ལ་ཆ་བཞག་ནས་བཤད་ན། རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན་ཞིང་། གེ་སར་རིག་གནས་དང་མཛའ་གཞས་རིག་གནས་ལ་སོགས་པའི་རིག་གནས་ཀྱི་མཚོན་རྟགས་ཅུང་མང་པོ་ཡོད་ལ། གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་རིག་གནས་མཚོན་རྟགས་ཀྱང་བཟོས་ཡོད་མོད། དོན་དངོས་སུ་གསར་སྦོལ་བྱེད་ཤུགས་མི་འདང་བ་རེད། ཆེས་ཐོག་མར་ཆེད་རམས་པ་ཚོས་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་དོན་སྙིང་དང་བརྒྱུད་ཡུལ་སོགས་ལ་དོ་སྣང་བྱས་པ་ཙམ་ཡིན་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་དང་ཆབས་ཅིག ཆེད་རམས་པ་ཚོས་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་ལོ་རྒྱུས་རིག་གནས་འདི་ཅི་འདྲ་བྱས་ནས་དེང་རབས་ཀྱི་འཕེལ་རིམ་དང་ཟུང་འབྲེལ་བྱ་རྒྱུའི་ཐད་བསམ་བློ་གཏོང་འགོ་ཚུགས་པ་རེད།

    བགྲོ་གླེང་ཚོགས་འདུའི་ཐོག ཆེད་རམས་པ་རེན་ཞིན་ཇན་གྱིས་གནའ་བོའི་ཚོང་འདྲེན་རྡལ་ལམ་བརྒྱུད་ཡུལ་རང་བཞིན་གྱི་རིག་གནས་ཤུལ་བཞག་གི་ལྟེ་གནས་ལ་གཙིགས་ཆེན་བྱས་ཏེ་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་ལོ་རྒྱུས་རིག་གནས་སྔོག་འདོན་བྱེད་ཤུགས་ཆེ་རུ་གཏོང་བར་བརྟེན། གནའ་བོའི་ཚོང་འདྲེན་རྡལ་ལམ་གྱིས་གཙོས་པའི་དཀར་མཛེས་ཁུལ་གྱི་མངའ་ཁོངས་ནང་གི་ཡུལ་སྐོར་རིག་གནས་མཉམ་འདྲེས་བྱས་པའི་དུས་མཚུངས་སུ། དཀར་མཛེས་ཁུལ་གྱིས་ས་གནས་གཞན་དག་གི་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་ལོ་རྒྱུས་རིག་གནས་དང་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་གཏང་དགོས་པ་ལས། ལོ་རྒྱུས་རིག་གནས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁ་བྲལ་མི་ཉན་ཞེས་གསུངས་པ་རེད།

    གནའ་བོའི་ཚོང་འདྲེན་རྡལ་གྱི་རྗེས་ཤུལ་ལ་རྟོག་ཞིབ་དང་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་རིག་གནས་ལ་ཞིབ་འཇུག་བྱས་མཐར། གནའ་བོ་ནས་ཆགས་པའི་དཔལ་ཡོན་མཐོང་ཆོས་སུ་གྱུར་དང་འགྱུར་བཞིན་ཡོད་པ་རེད། སི་ཁྲོན་རིག་གནས་སྒྱུ་རྩལ་སློབ་གླིང་གི་ཞིབ་འཇུག་པ་གཞོན་པ། རྩོམ་པ་པོ། བོད་ཆའང་རིག་གནས་ཞིབ་འཇུག་གི་དགེ་རྒན་ཆེན་པོ་ཅའོ་ཧུའུ་སན་གྱིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད། ཁོང་གིས་གསུངས་དོན། ཐེངས་འདིར་སྤེལ་བའི་བྱེད་སྒོའི་དོན་སྙིང་ཆེས་ཆེ་བ་ནི་ཕྱོགས་བཞིའི་ནང་རྐྱེན་སྦྲེལ་མཐུད་བྱས་པ་འདི་རེད། ནང་རྐྱེན་འདིས་དཀར་མཛེས་ཁུལ་གྱི་རིག་གནས་བྱ་གཞག་དང་རིག་གནས་གསར་གཏོད་ཀྱི་བྱ་གཞག ཡུལ་སྐོར་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་དཀར་མཛེས་ཁུལ་གྱི་དམངས་སྲོལ་རིག་གནས་སྔོག་འདོན་དང་རྒྱུན་འཛིན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞིང་། དུས་རབས་འཕེལ་འགྱུར་གྱི་ཆུ་རྒྱུན་ཁྲོད་དུ་གནའ་བོའི་ཚོང་འདྲེན་རྡལ་ལམ་ལ་གསོན་ཤུགས་གསར་པ་བསྣན། གནའ་བོའི་རྡལ་ལམ་དེད་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐབས་ལམ་གསར་པ་རིམ་བཞིན་ཆགས་པས་མ་ཚད། དཀར་མཛེས་ཁུལ་གྱི་ཡུལ་སྐོར་དཔལ་འབྱོར་དང་འཕེལ་ཁ་དར་བའི་གོམ་སྟབས་བསྒྱུར་དང་སྒྱུར་བཞིན་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:ཁུལ་ཚོང་དོན་ཅུས་ཀྱིས་ཆུ་འབྲུབ་པའི་དུས་སྐབས་སུ་ཚྭ་མཁོ་འདོན་བྱ་རྒྱུ་ཁག་ཐེག་བྱས།
  • ལེ་ཚན་རྗེས་མ།:དུག་དང་བྲལ་བའི་ལྷད་མེད་བདེ་ཐང་གི་མི་ཚེའི་འཚོ་བ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།