ལས་ཞོར་གསར་འགོད་པ་ཨ་འཛི་བཟའ་ཀླུ་མཚོས་བྲིས། 2018-05-28
གསེར་ཐར་རྫོང་གིས2018ལོའི་ཁོར་ཡུག་སྲུང་སྐྱོང་དང་རྒྱལ་ཡོངས་སྦག་བཙོག་འབྱུང་ཁུངས་ཡོངས་བཤེར་ལས་དོན་ཐེངས་གཉིས་པའི་སྐུལ་སློང་ཚོགས་འདུ་འཚོགས།
སྤྱི་ཟླ5པའི་ཚེས17ཉིན་གྱི་སྔ་དྲོར། གསེར་ཐར་རྫོང་གིས2018ལོའི་ཁོར་ཡུག་སྲུང་སྐྱོང་དང་རྒྱལ་ཡོངས་སྦག་བཙོག་འབྱུང་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་གཉིས་པའི་སྐུལ་སློང་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་སྦག་བཙོག་ཞིབ་བཤེར་ལས་དོན་ཚོགས་འདུའི་སྙིང་དོན་བརྡ་ཁྱབ་བཏང་བ་དང་། སྦག་བཙོག་ཞིབ་བཤེར་ལས་དོན་གྱི་སྤྱིའི་བཀོད་སྒྲིག་འོག་ལས་འགན་སྔར་བས་གསལ་བོར་བཟོ་བ་དང་། སྒྲིག་ལམ་ནན་པོར་གཏོང་ཞིང་གོ་རིམ་ཚད་ལྡན་ཡིན་དགོས་པ། དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་ནས་སྦག་བཙོག་ཞིབ་བཤེར་ལས་དོན་ལེགས་འགྲུབ་ཡོང་ཕྱིར་འབད་པ་བྱ་དགོས་ཞེས་རེ་འདུན་བཏོན་པ་རེད།
ཚོགས་འདུའི་ཐོག་སྦག་བཙོག་ཞིབ་བཤེར་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་སྟེ། གཅིག་ནི་སྦག་བཙོག་ཞིབ་བཤེར་ལས་དོན་གྱི་ལས་འགན་བགོས་ནས་ལས་ཁུངས་སོ་སོས་མཉམ་དུ་ལས་དོན་ལེགས་འགྲུབ་ཡོང་བར་འབད་དགོས་ཤིང་ལས་དོན་འདི་དུས་མཚམས་བཞི་ལ་བགོས་ནས་བསྒྲུབ་དགོས་པ་དང་། གཉིས་ནི་མགྱོགས་མྱུར་ངང་སྦག་བཙོག་ཞིབ་བཤེར་བྱེད་སྟངས་གཏན་འཁེལ་བྱ་དགོས། ཡུལ་གྲོང་རེ་རེས་སྐད་རིགས་གཉིས་ཤེས་ཤིང་སྦག་བཙོག་ཞིབ་བཤེར་ལས་དོན་སྤེལ་ཐུབ་པའི་ལས་བྱེད་པ་གཉིས་བདམས་ནས་སྦག་བཙོག་ཞིབ་བཤེར་ལས་དོན་མཇུག་མ་སྒྲིལ་བར་གསེར་ཐར་རྫོང་སྦག་བཙོག་ཞིབ་བཤེར་གཞུང་ལས་ཁང་དུ་སྦག་བཙོག་ཞིབ་བཤེར་གྱི་ལས་དོན་བསྒྲུབ་དགོས། གསུམ་ནི་ཁོར་སྲུང་ཐད་ད་དུང་མི་འདང་སའི་གནད་དོན་ཡོད་པས་འབྲེལ་ཡོད་ལས་ཁུངས་དང་ཁེ་ལས་རྣམས་ཀྱིས་ཁོར་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ལས་འགན་ཞིབ་ཕྲ་བཟོས་ནས་གནད་དོན་བཅོས་སྒྲིག་གང་ལེགས་བྱ་དགོས། བཞི་ནི་གནུབས་ཟུར་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་བཟོ་གྲྭ་དང་སྦག་བཙོག་ཆུ་དྭངས་སེལ་བཟོ་གྲྭ། རྫོང་གི་གྲོང་ཁུལ་གྱི་སྦག་བཙོག་ཆུ་དྭངས་སེལ་བཟོ་གྲྭ་བཅས་གྲུབ་པ་བྱས་ནས་བེད་སྤྱོད་བྱེད་འགོ་བརྩམ་ཐུབ་དགོས། ལྔ་ནི་ཞིང་ཆེན་ཁོར་སྲུང་ཐིང་གི་དམིགས་ཚད་གཤམ་སྤྲོད་ལྟར་རྫོང་གི་སྡེ་བ་གསུམ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་འགན་ལེགས་སུ་འགྲུབ་དགོས།
ཚོགས་འདུའི་ཐོག་ད་དུང་ཁོར་ཡུག་སྲུང་སྐྱོང་མ་བྱས་ན་ཕྱི་ཡི་ཁོར་ཡུག་ཉམས་ནས་འབྲུ་རིགས་མི་སྨིན་པ་དང་ནང་གི་ཁོར་ཡུག་ཉམས་ནས་ནད་མུག་བྱུང་སྟེ་ཚེ་ཐུང་མྱ་ངན་དཔག་མེད་འབྱུང་ངེས་པས། ཁོར་ཡུག་སྲུང་སྐྱོང་གི་བསླབ་བྱ་ཀུན་ལ་སྤེལ་བ་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས་པའི་འབོད་སྐུལ་བཏང་བ་རེད།
རྫོང་ཡོངས་ཀྱི་ཡུལ་ཚོ་དང་ལས་ཁུངས་སོ་སོའི་འགན་འཛིན་བ་རྣམས་ཚོགས་འདུར་ཞུགས་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10