གསེར་ཐར་རྫོང་གིས་ཞིང་སྡེའི་བཞི་ཡག་གཞུང་ལམ་བསྐྲུན་ནས་མང་ཚོགས་ཀྱི་འགྲོ་འདུག་ཆ་རྐྱེན་ཇེ་ཡག་གཏོང་།

ཚུལ་ཁྲིམས་བློ་གྲོས།        2018-05-23

གསེར་ཐར་རྫོང་གིས་ཞིང་སྡེའི་བཞི་ཡག་གཞུང་ལམ་བསྐྲུན་ནས་མང་ཚོགས་ཀྱི་འགྲོ་འདུག་ཆ་རྐྱེན་ཇེ་ཡག་གཏོང་།

  ཉེ་ཆར། གྲོང་ཡུལ་དར་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ་དབུལ་ཐར་འགག་སྒྲོལ་ལས་དོན་ཚད་མཐོན་པོས་ལེགས་འགྲུབ་ཡོང་བ་དང་། ཞིང་སྡེའི་ལམ་འཛུགས་སྐྲུན་དང་དོ་དམ། བདག་སྲུང་། འཁོར་སྐྱོད་ལེགས་པོ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཕྱུག་གྱུར་འབྱོར་འབྲིང་ལ་བསྐྱོད་པ་དང་།  ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་སྒྱུར་བ་ལ་ཁེག་ཐེག་བཟང་བོ་བྱ་དགོས་པའི་བླང་བྱ་ལྟར། གསེར་ཐར་རྫོང་གིས2017ལོར་འཛུགས་སྐྲུན་བྱེད་མཇུག་མ་རྫོགས་པའི་ལས་གཞི་དང2018ལོའི་ཞིང་སྡེའི་ལམ་འཛུགས་སྐྲུན་ལས་གཞིའི་འགོ་འཛུགས་མཛད་སྒོ་དེ་མཚོ་འཕགས4200ལ་ཟིན་པའི་བརྡར་ཚང་ཡུལ་ཚོ་བྱ་སྨད་སྡེ་བར་སྤེལ་བ་རེད། 

  རྫོང་ཨུའི་འབྲེལ་ཡོད་འགོ་ཁྲིད་ཀྱིས2018ལོའི་འགྲིམ་འགྲུལ་འཛུགས་སྐྲུན་ལས་གཞིའི་ལས་འགན་ལྗིད་ཅིང་དུས་ཚོད་ཐུང་བས། ཞིང་སྡེའི་བཞི་ཡག་གཞུངུ་ལམ་ཡག་པོ་ཞིག་བསྐྲུན་དགོས་ན་ཚང་མས་ཕྱར་བ་གྲུ་འདེགས་བྱ་དགོས་ཞེས་རེ་འདུན་བཏོན་པ་རེད། མཛད་སྒོ་མཇུག་སྒྲིལ་རྗེས། རྫོང་གཞུང་ལམ་འཕེལ་རྒྱས་ལག་རྩལ་མཛུབ་སྟོན་ཆེད་རམས་པ་ཨར་ལས་བརྒྱག་ཡུལ་དུ་ཕྱིན་ནས་ད་སྔར་ཡོད་པའི་གནད་དོན་ལེགས་བཅོས་བྱེད་ཐབས་སྐོར་མཛུབ་སྟོན་བྱས་པ་དང་ཆབས་ཅིག ལས་བདག་དང་ལས་བཟོ་མི་སྣ་འདུས་འཛོམས་བྱས་ཏེ་ཅི་འདྲ་བྱས་ནས་མཐོ་སྒང་གི་ཞིང་སྡེའི་བཞི་ཡག་གཞུང་ལམ་ཡག་པོ་སྐྲུན་སྟངས་ལ་གཞིགས་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། 

  ལས་གཞི་སྐྲུན་འགན་འཁུར་མཁན་གྱི་སྡེ་ཚན་སོ་སོས་ལས་གཞིའི་འཆར་འགོད་ལྟར་འཛུགས་སྐྲུན་བྱ་དགོས་ཤིང་དུས་ཚོད་དམ་འཛིན་དང་སྤུས་ཀ་ལེགས་པོར་ཡོང་བར་ཁེག་ཐེག་བྱ་དགོས། འཛུགས་སྐྲུན་བྱེད་དུས་ལས་བཟོ་དང་འགྲུལ་བཞུད་པའི་ཉེན་མེད་ལ་དོགས་ཟོན་བྱས་ནས་མི་དམངས་ཀྱི་བློ་ཡིད་ཚིམས་ཐུབ་པར་བྱ་དགོས་ཞེས་རྫོང་འགྲིམ་འགྲུལ་ཅུས་ཀྱི་འགན་ཁུར་མི་སྣས་དེ་ལྟར་བཤད་པ་རེད།

  ཤེས་གསལ་ལྟར་ན། 2018ལོར་གསེར་ཐར་རྫོང་གིས་འགྲིམ་འགྲུལ་འཛུགས་སྐྲུན་ལས་གཞིའི་ཐད་སྔོན་རྩིས་བྱས་ནས་མ་དངུལ་སྒོར་དུང་ཕྱུར4བཏང་ནས་འཛུགས་སྐྲུན་བྱེད་པའི་གཞུང་ལམ་སྤྱི་ལེ382.33ལ་ཟིན་རྒྱུ་རེད།   དེའི་ནང2017ལོར་འཛུགས་སྐྲུན་བྱེད་མཇུག་མ་རྫོགས་པའི་ལས་གཞི22ཀྱི་གཞུང་ལམ་སྤྱི་ལེ256.56ཡོད་པ་དང་། 2018ལོར་གསར་སྐྲུན་བྱ་རྒྱུའི་ལས་གཞི18ཀྱི་གཞུང་ལམ་སྤྱི་ལེ125.77ལ་ཟིན་པ་རེད། །


  • ལེ་ཚན་སྔོན་མ།:2018ལོའི་ཐེངས་དང་པོའི་གནས་མཆོག་དཀར་མཛེས་ཀྱི་དྲྭ་ཐོག་ཅ་ལག་ཉོ་བའི་དུས་ཆེན་གྱི་བྱེད་སྒོ་དར་མདོར་སྤེལ་འགོ་ཚུགས།
  • ལེ་ཚན་རྗེས་མ།:ཁམས་ཕྱག་ཕྲེང་རྫོང་གི་རི་མོ་བ་ཞིག་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།