ཨ་མགོན་གྱིས་བསྒྱུར། 2018-04-09
དཀར་མཛེས་ཁུལ་གྱིས་མཁོ་སྤྲོད་ཀྱི་སྤུས་ཀ་ཡག་ཏུ་གཏང་རྒྱུར་ཤུགས་སྒྲིམ་སར་བྱས་པ་དང་ཚོང་རའི་དགོས་མཁོ་ཡིས་འགྲོ་ཕྱོགས་བྱས་ཏེ་ཞིང་ལས་མཁོ་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་ལེགས་སྒྲིག་བྱས་ནས་སྤུས་ཀ་ཡག་པོའི་ཞིང་ལས་ཐོན་རྫས་འདོན་སྤྲོད་བྱས་པའི་འགན་སྲུང་འཇོན་ནུས་ཇེ་དྲག་ཏུ་གཏང་རྒྱུ་རེད།
འབྲུ་རིགས་ཐོན་སྐྱེད་བརྟན་བརླིང་བྱས་ཏེ་འབྲུ་རིགས་ཐོན་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་ལག་ལེན་བསྟར། འབྲུ་རིགས་ཐོན་འཕར་ས་ཞིང་ལ་རག་ལས་པ་དང་འབྲུ་རིགས་ཐོན་འཕར་ལག་ཤེས་ལ་རག་ལས་པའི་བྱ་རྒྱུར་འཐབ་ཇུས་ལག་ལེན་བྱས་ནས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་ཀྱི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱས་ཏེ་མི་རིགས་ས་ཁུལ་ལ་ཁྱད་པར་དུ་མཁོ་བའི་འབྲུ་རིགས་འདོན་སྤྲོད་བྱ་རྒྱུར་འགན་སྲུང་བྱས་པ་རེད། ད་ལོར་ཁུལ་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི108ཡན་ཆད་ལ་བརྟན་བརླིང་བྱ་རྒྱུ་དང་། འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི25ཡན་ཆད་ལ་འགན་སྲུང་བྱ་རྒྱུ་ཡིན་པ་རེད།
གྲུབ་ཚུལ་ཇེ་མགྱོགས་སུ་ལེགས་སྒྲིག་བྱས་ཏེ་ས་ཁོངས་ཀྱི་ཆགས་ཚུལ་ལེགས་བཅོས་བྱེད་པའི་བྱེད་ཐབས་ལག་ལེན་བསྟར། སྐོར་གཅིག་དང་རྒྱུད་གཅིག འཁྱམ་གཅིག་གི་ཆགས་ཚུལ་ལྟར། གཙང་པོ་གཉིས་དང་ཆུ་བོ་གཅིག་འབབ་རྒྱུད་ཀྱི་སྐྱེ་ཁམས་དང་གནམ་གཤིས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་དང་འབྲུ་རིགས་འདེབས་པ་ལས་གཟན་རྩྭ་ཐོན་པ། འདེབས་གསོ་ཟུང་འབྲེལ། ཞིང་ནགས་འབྲོག་གསུམ་ཟུང་འབྲེལ་བྱས་ཏེ་རྒྱུད་གསུམ་དུ་སྤྱི་ལེ་བརྒྱ་ཅན་གྱི་དཔེ་སྟོན་ལྡུམ་ཁུལ་དྲུག་འཛུགས་སྐྱོང་བྱ་རྒྱུ་དང་སྐྱེ་ཁམས་ཞིང་ལས་ཀྱི་ཁྱད་ཆོས་ཡོད་པའི་དཔེ་སྟོན་ཐོན་ལས་རྟེན་གཞི་མུའུ་ཁྲི25.75དང་། ཁྱད་ཆོས་ཡོད་པའི་ཕྱུགས་ཟོག་དང་ཁྱིམ་བྱ་རྒྱུད་སྤེལ་བྱེད་སའི་དཔེ་སྟོན་རྟེན་གཞི11 འབྲོག་ཁུལ་ཐུན་མོང་གི་འབྲོག་རའི་དཔེ་སྟོན་རྟེན་གཞི30བཅས་གསར་སྐྲུན་ལེགས་བཅོས་བྱ་རྒྱུ་ཡིན་པ་རེད།
ཞིང་ལས་རྨང་གཞིའི་སྒྲིག་བཀོད་བརྟན་པོ་བྱས་ནས་ཐོན་སྐྱེད་ཆ་རྐྱེན་ལེགས་བཅོས་བྱ་རྒྱུའི་བྱེད་ཐབས་ལག་ལེན་བསྟར། ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་དགུན་དཔྱིད་དུས་ཀྱི་ཞིང་ཁའི་ཆུ་བེད་རྨང་གཞི་འཛུགས་སྐྲུན་བྱས་ཏེ་དམིགས་ཚད་མཐོ་བའི་ཞིང་ཁ་ཚན་པ་གཅིག་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད། རྩྭ་ཐང་གི་ཁ་གསབ་ཆ་ཚང་དང་འབྲོག་སྐྱུར་རྩྭ་འདེབས་ལས་གྲྭ་སྙོམས་སྒྲིག་ལག་ལེན་བྱས་ཏེ་གཙོ་གནད་འབྲོག་ཁུལ་དུ་མ་རྐང་ལམ་ལུགས་ཀྱི་ཐུན་མོང་འབྲོག་ར་གསོ་སྐྱོང་བྱས་པར་བརྟེན། གཟན་རྩྭ་བཏབ་ནས་ཕྱུགས་གསོ་བ་དང་ཕྱུགས་རྒྱུད་ལེགས་བྱས་ཏེ་རྩྭ་ཐང་གི་འབྲོག་ལས་རྣམ་པ་ཡག་པོའི་སྒོ་ནས་འཕེལ་རྒྱས་བཏང་ནས་དབུལ་ཕོངས་མང་ཚོགས་དེ་བས་མང་པོ་ཕྱུག་པོར་ཆགས་པར་བྱ་རྒྱུ་རེད།
ཐོན་ལས་མཉམ་འདྲེས་བྱས་ནས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་གཏོང་བའི་བྱེད་ཐབས་ལག་ལེན་བསྟར། གཙོ་ཁྲིད་ཐོན་ལས་ལ་གཞིགས་ནས་དེང་རབས་ཞིང་ལས་ཀྱི་ཐོན་ལས་མཉམ་འདྲེས་ལྡུམ་ཁུལ་འཛུགས་སྐྱོང་བྱས་ཏེ་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་སའི་ལས་སྟེགས་འཛུགས་རྒྱུ་ཡིན་ཞིང་། རང་ཁུལ་གྱི་ལི་ཐང་དང་དཀར་མཛེས། ཉག་རོང་། བརྒྱད་ཟིལ། འབའ་ཐང་སོགས་རྫོང་ཁག་ལྔས་ཐོན་ལས་མཉམ་འབྲེལ་བྱས་ནས་འཕེལ་རྒྱས་གཏང་རྒྱུའི་ལས་གཞི་བརྩོན་ལེན་བྱེད་ཐུབ་ཡོད་པ་དང་། ལྕགས་ཟམ་དང་ཕྱག་ཕྲེང་། ལི་ཐང་རྫོང་གསུམ་གྱིས་མུ་མཐུད་ནས་ཞིང་ཆེན་རིམ་པའི་དེང་རབས་ཞིང་འབྲོག་ལས་ཀྱི་གཙོ་གནད་རྫོང་འཛུགས་སྐྱོང་བྱ་རྒྱུའི་ལས་གཞི་རག་ཡོད་པ་རེད། དེ་དང་ཆབས་ཅིག ནུས་ཤུགས་ཡོད་རྒུས་ཞིང་ལས་གློག་རྡུལ་ཚོང་དོན་དང་སྤྲོ་སེང་གཏོང་སའི་ཞིང་ལས། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་མཛེས་ལྗོངས་ཁུལ་གཙོ་བོའི་མཛེས་ལྗོངས་ས་ཚུགས་ལ་དམིགས་ནས་སྤྲོ་སེང་གཏོང་སའི་ཞིང་ལས་ཀྱི་དཔེ་སྟོན་ཤང་དང་དཔེ་སྟོན་གྲོང་གསེབ་ཚན་པ་གཅིག་འཛུགས་སྐྱོང་བྱས་པར་བརྟེན། ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གསོ་སྐྱོང་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་སའི་ཐབས་ལམ་རྒྱ་སྐྱེད་གཏང་རྒྱུ་ཡིན་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10