ཁུལ་བཟོ་ཚོང་ཅུས་ཀྱིས་ཚོང་རྟགས་བདག་དབང་བཙན་སྤྱོད་བྱེད་པར་ཆེད་དོན་བཅོས་སྒྲིག་བྱས།

        2018-03-22

    ཁུལ་བཟོ་ཚོང་ཅུས་ཀྱིས་ཚོང་རྟགས་བདག་དབང་བཙན་སྤྱོད་བྱེད་པར་ཆེད་དོན་བཅོས་སྒྲིག་བྱས། ཉེ་ཆར། རང་ཁུལ་གྱི་ཚོང་རའི་ཁྲོད་དུ་གནས་མཆོག་དཀར་མཛེས་ཞེས་པའི་ཚོང་རྟགས་གང་མོས་བེད་སྤྱོད་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་ཅིང་། དྲང་གཞག་འགྲན་རྩོད་དང་བློས་འགེལ་འཛད་སྤྱོད་ཀྱི་ཁྲོམ་རའི་ཁོར་ཡུག་ཡག་པོ་ཞིག་འཛུགས་ཆེད། མིག་སྔར། དཀར་མཛེས་ཁུལ་བཟོ་ཚོང་ཅུས་ཀྱིས2018ལོའི་དཔྱིད་དུས་ཀྱི་འཛད་སྤྱོད་ཁྲོམ་རར་ཞིབ་བཤེར་བྱེད་པའི་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་སྤེལ་བའི་གོ་སྐབས་དང་བསྟུན་ནས་ཚོང་ར་གཙང་མ་དང་དམངས་འཚོ་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་འགན་སྲུང་བཅས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ནས་ཁུལ་ཡོངས་སུ་གནས་མཆོག་དཀར་མཛེས་ཞེས་པའི་ཚོང་རྟགས་གང་མོས་བེད་སྤྱོད་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་བཏང་བ་རེད།

   རྫོང་དང་གྲོང་ཁྱེར་ཁག་སོ་སོའི་བཟོ་ཚོང་དང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཙོ་འགན་འཁུར་མཁན་གྱི་འགོ་འཛིན་བྱས་པའི་ཆེད་དོན་བྱ་སྤྱོད་ཀྱི་འགོ་ཁྲིད་ཚོ་ཆུང་བཙུགས་ནས་སྐུལ་སློང་དང་བཀོད་སྒྲིག་གང་ལེགས་འོག་སྤྱི་བདེ་དང་ཞིང་ལས་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་ཀྱིས་གཙོ་གནད་ས་ཁོངས་དང་གཙོ་གནད་ལས་རིགས། གཙོ་གནད་ཚོང་ཟོག་བཅས་ལ་དམིགས་བྱ་ལྡན་པའི་སྒོ་ནས་བརྟག་དཔྱད་མཐིལ་རྟོགས་དང་ཞིབ་བཤེར་བྱས་ཡོད་ཅིང་། དུས་ཐོག་ཏུ་ཁོངས་གཏོགས་ས་ཁུལ་དུ་གནས་མཆོག་དཀར་མཛེས་ཞེས་པའི་ཚོང་རྟགས་གང་མོས་བེད་སྤྱོད་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་གནས་ཚུལ་ཤེས་རྟོགས་ཐུབ་པ་རེད། ཞིབ་བཤེར་བྱས་པར་བརྒྱུད་ཁུལ་ཡོངས་སུ་ཁེ་ལས20ཡིས་ཆོག་མཆན་མ་ཐོབ་པར་རང་མོས་ཀྱིས་གནས་མཆོག་དཀར་མཛེས་ཞེས་པའི་ཚོང་རྟགས་བེད་སྤྱོད་གཏོང་བཞིན་ཡོད་པ་ཤེས། གཞན་ཡང་། ཚོང་རྟགས་མཚམས་སྦྱོར་བརྡ་ཁྱབ་དང་དྲ་བའི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། དྲྭ་ཐོག་དང་དྲྭ་འོག་གཞི་གཅིག་ཅན་གྱི་ལྟ་སྐུལ་དོ་དམ་གྱི་བསམ་ཕྱོགས་ལ་གཞིགས་ནས་ཁུལ་བཟོ་ཚོང་ཅུས་ཀྱིས་དྲྭ་གནས་གཏན་འཁེལ་གྱི་ལྟ་ཞིབ་ཚད་ལེན་བྱས་ཡོད་པས་དོགས་ཡོད་དབང་གནོད་བྱ་སྤྱོད་ཀྱི་དྲྭ་ངོས57ལྷག་ཡོད་པ་རེད། ཁུལ་བཟོ་ཚོང་ཅུས་ཀྱིས་ཚོང་རྟགས་ཚན་ཁག་དང་དྲྭ་ཐོག་ལྟ་སྐུལ་ཚན་ཁག་གིས་ཐུན་མོང་ཐོག་གྲལ་བཤེར་བྱས་རྗེས། དྲྭ་ངོས35ཕྱིར་འབུད་བྱས་པ་དང་དབང་གནོད་དྲྭ་ངོས11གི་གཉེར་སྐྱོང་བྱེད་པོ་དང་སྤྱད་འཐུས་ཀྱི་གན་རྒྱ་བཞག་པ་དང་། དེ་མིན་ཆོག་མཆན་མ་ཐོབ་པའི་དྲྭ་ཚུགས11པོས་ཆོག་མཆན་མ་ཐོབ་གོང་དུ་གནས་མཆོག་དཀར་མཛེས་ཞེས་པའི་ཚོང་རྟགས་གང་མོས་བེད་སྤྱོད་གཏོང་མི་ཆོག་པར་བྱས་ཡོད་པ་རེད།

   ཕྱིན་ཆད་ཁུལ་བཟོ་ཚོང་ཅུས་ཀྱིས་ཁྲིམས་འཛིན་གྱོད་དོན་ཞིབ་གཅོད་བྱེད་ཤུགས་སྔར་བས་ཆེ་རུ་གཏང་རྒྱུ་དང་། གནས་མཆོག་དཀར་མཛེས་ཞེས་པའི་ཚོང་རྟགས་ཆེད་སྤྱོད་བདག་དབང་ལ་གནོད་པའི་བྱ་སྤྱོད་ལ་རྡུང་རྡེག་གཏང་རྒྱུ་ཡིན་པ་རེད།། 


  • ལེ་ཚན་སྔོན་མ།:ད་ལོར་དཀར་མཛེས་ཁུལ་གྱིས་ཕྱོགས་དྲུག་ཐད་ལ་ཤུགས་བསྒྲིམས་ནས་ཧ་ཅང་དབུལ་ཕོངས་ཀྱི་རྣམ་པ་འགག་སྒྲོལ་བྱ་རྒྱུ།
  • ལེ་ཚན་རྗེས་མ།:ཁུལ་བཟོ་ཚོང་ཅུས་ཀྱིས2018ལོའི་དཔྱིད་དུས་ཀྱི་འཛད་སྤྱོད་ཁྲོམ་རར་ཞིབ་བཤེར་བྱ་སྤྱོད་སྤེལ།
  • དོ་སྣང་ཆེ་བའི་རྩོམ།