དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཚགས་པར་བགྲོ་གླེང་གྲོས་ཚོགས།

ཨོ་རྒྱན་གྱིས་བྲིས་ཤིང་པར་བླངས།        2018-01-13

དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཚགས་པར་བགྲོ་གླེང་གྲོས་ཚོགས།

སྤྱི་ཟླ་དང་པོའི་ཚེས13ཉིན་གྱི་ཕྱི་དྲོར་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཚགས་པར་བགྲོ་གླེང་གྲོས་ཚོགས་དེ་དར་མདོའི་གེ་སར་མགྲོན་ཁང་གི་གྲོས་ཚོགས་ཁང་ནས་འཚོགས།

དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུ་ཧྲུའུ་ཅི་དང་ཧྲེ་ཀྲང་དབལ་ཤུལ་ཕུན་ཚོགས་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁུལ་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་དང་། དཀར་མཛེས་ཁུལ་བརྙན་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་ཤེས་ཡོན་པ་ཀུའོ་ཁྲང་ཕིང་དང་། སྙན་ངག་པ་གྲགས་ཅན། དུས་དེབ༼གངས་དཀར་རི་བོ༽ཡི་གཙོ་སྒྲིག་པ་ནད་མེད་ཕུན་ཚོགས། རྩོམ་པ་པོ་གྲགས་ཅན་ཨའོ་ཡང་མའེ་ཧྲོས། བོད་ཀྱི་རྩོམ་པ་པོ་བློ་བཟང་མགོན་པོ། རང་ལས་ཁུངས་ཀྱི་ཚགས་པར་གྱི་པར་ངོས་སོ་སོའི་གཙོ་སྒྲིག་པ་དང་བོད་རྒྱ་ཡིག་གི་འཕྲིན་སྦྱོར་གསར་པའི་སྡེ་ཁག་གི་གཙོ་སྒྲིག་པ། རང་ཁུལ་གྱི་གྲོང་ཁྱེར་དང་རྫོང་རིམ་པའི་བོད་རྒྱ་ཡིག་གསར་འགྱུར་རྩོམ་འབྲི་མཁན་སོགས་ཁྱོན་ཚོགས་མི་དྲུག་ཅུ་ལྷག་ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་སུ་ཞུགས།

ཚོགས་ཐོག་ཏུ་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུ་ཧྲུའུ་ཅི་དང་ཧྲེང་ཀྲང་དབལ་ཤུལ་ཕུན་ཚོགས་ལགས་ཀྱིས་དཀར་མཛེས་ཉིན་རེའི་རྒྱ་བོད་ཡིག་གི་ཚགས་པར་འདི་ཉིད་མེད་པ་ནས་ཐོག་མར་ཅི་ལྟར་གསར་གཏོད་བྱས་པ་དང་། དེ་ནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་སོ་སོ་ངོ་སྤྲོད་རྒྱས་པར་གནང་ཞིང་། ཚགས་པར་འདི་ཉིད་འདས་པའི་དུས་སུ་རྒན་རབས་ཤེས་ལྡན་པ་དག་གིས་གཉོར་ཞིང་བསྐྱངས་ཏེ་འོང་བ་ཡིན་པར་བཀའ་དྲིན་ཞུས་ཤིང་།  མ་འོངས་པར་ཚགས་པར་འདི་ཉིད་ཀྱི་ཚེ་སྲོག་གི་རྒྱུན་ནི་འདིར་བཞུགས་སྨྱུག་ཐོག་པ་དག་གིས་བསྐྱང་དགོས་པའི་ཐུགས་རེ་གནང་བ་རེད།

     རྩོམ་པ་པོ་དང་ཚོགས་ཞུགས་མི་སྣ། གྲོང་ཁྱེར་དང་རྫོང་སོ་སོའི་འཐུས་ཚབ་མི་སྣ་དག་གིས་དཀར་མཛེས་ཉིན་རེའི་ཚགས་པར་ལ་བཅིངས་པའི་རེ་བཞག་དང་ཚགས་པར་འདི་ཉིད་ཀྱི་སྟེང་ནས་ཤེས་ལྡན་པ་དང་རྩོམ་པ་པོ་གང་མང་སྐྱེད་སྲིང་གནང་ཡོད་པ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་བྱས་ཤིང་། མ་འོངས་པར་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་དུས་རབས་གསར་པའི་འགྲོས་དང་བསྟུན་ནས་ཚགས་པར་དང་འཕྲིན་སྦྱོར་གསར་པས་རང་ཁུལ་གྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཀྱི་སྣེ་ཁྲིད་པར་འགྱུར་དགོས་ལུགས་སྐོར་གྱི་གཏམ་བཤད་དང་རེ་བཞག་བྱས་པ་རེད། 


  • ལེ་ཚན་སྔོན་མ།:དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་གསར་འགྱུར་རྩོམ་འབྲི་མཁན་གྱི་གསར་འགྱུར་ལས་སྒོའི་གཅིག་བསྡུས་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཧ་ཅང་དབུལ་པོའི་དབུལ་ཐར་འགག་སྒྲོལ་གྱི་སྐུལ་སློང་དང་ལས་ཀ་བཀོད་སྒྲིག་བྱས་པའི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།