ཀུན་དགའ། 2018-01-06
ཟླ་བ་དང་པོའི་ཚེས3ཉིན་གྱི་སྔ་དྲོར། དཔལ་འབྱོར་དང་བཟོ་ཚོང་། མི་རིགས་ཚོ་ཆུང་གི་ཨུ་ཡོན་དང་ཟུར་ཞུགས་བློ་མཐུན་རྣམ་པས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་སེང་དང་གྲོས་འཆར་ལས་ཀའི་སྙན་སེང་ལ་གྲོས་ཞིབ་བྱས་པ་རེད། ཨུ་ཡོན་དང་ཟུར་ཞུགས་བློ་མཐུན་རྣམ་པས་སེམས་མཐུན་བློ་མཐུན་དང་ཁ་ཞེ་གཉིས་མེད་ཀྱིས་ཁུལ་སྲིད་གྲོས་ཀྱི་སྙན་སེང་འདི་གཉིས་ནི་ཚིག་ཉུང་དོན་བསྡུས་དང་ཡི་གེ་ཞིབ་ཚགས། སྐད་ཆ་གསར་རྐྱང་། ནང་དོན་ཕུན་སུམ་ཚོགས་པ། བཟང་ཆ་མངོན་གསལ་ལྡན་པ་ཞིག་རེད་ལ། 2017ལོའི་ལས་ཀར་ཕྱོགས་བསྡོམས་དང་ཁུལ་ཡོངས་ཀྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་ལྷིང་གི་གནད་དོན་ལ་དམིགས་ནས་རྩད་ཞིབ་དང་ལྟ་ཞིབ། གྲོས་འཆར་འདོན་པ་བཅས་ཀྱི་བྱེད་ཐབས་བརྒྱུད་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་ཀ་འབོར་ཆེན་ལས་ཡོད་པ་དང་། 2018ལོའི་ལས་ཀར་བཀོད་སྒྲིག་བྱས་པ་དམིགས་ཚད་ཁ་གསལ་དང་བསམ་ཕྱོགས་གསལ་པོ། གཙོ་གནད་འབུར་ཐོན། བྱེད་ཐབས་ནུས་ལྡན་བཅས་ཡིན་པས་མོས་མཐུན་ཡོད་ལ་ཡིད་ཆེས་ཀྱང་ཡོད་ཅེས་བཤད་པས་མ་ཚད་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་འཆར་དང་རེ་འདུན་ཡང་བཏོན་པ་རེད།
ཨུ་ཡོན་ཧོ་ཆིང་ཆོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞིང་གིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བར་སྔར་བས་མཐོང་ཆེན་བྱས་ནས་སྤྱི་དབང་ཁེ་ལས་མ་ཡིན་པའི་དངུལ་རྩའི་དངུལ་བུན་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་། དེང་རབས་ཅན་གྱི་དོ་དམ་ལམ་ལུགས་བཅས་ཀྱི་རོགས་སྐྱོར་ནུས་པ་ཇེ་ཆེར་གཏང་དགོས་པའི་གྲོས་འཆར་བཏོན་པ་རེད།
ཨུ་ཡོན་བློ་བཟང་འཕྲིན་ལས་ཀྱིས་དེང་སང་སྐད་གཉིས་སློབ་གསོའི་སྐོར་ལ་ངོས་འཛིན་གསལ་པོ་མེད་པ་དང་གསར་གཏོད་ཉུང་བ། སྲུང་སྐྱོང་དང་རྒྱུན་འཛིན་གྱི་འདུ་ཤེས་ཟབ་པོ་མེད་པ། སྐད་གཉིས་ཤེས་ལྡན་མི་སྣའི་གསོ་སྐྱོང་སྐོར་ལ་མཐོང་ཆེན་མི་འདང་བ་བཅས་ཀྱི་གནས་ཚུལ་འདུག་པས་སྐད་ཆའི་བར་གེགས་བྱུང་བ་ལས་མང་ཚོགས་ཀྱིས་དམངས་ཕན་སྲིད་ཇུས་སོགས་ནང་དོན་རབ་དང་རིམ་པ་ལ་གོ་བ་ལེན་མི་ཐུབ་པ་དང་རྒྱུས་ལོན་བྱེད་མི་ཐུབ་པ། འབྲེལ་ཡོད་སྲིད་ཇུས་ཀྱང་དོན་ཐོག་ཏུ་འཁྱོལ་མི་ཐུབ་པའི་གནད་དོན་འདུག དེ་ན་སྐད་གཉིས་སློབ་གསོའི་སྐོར་ལ་མཐོང་ཆེན་བྱས་ནས་མི་རིགས་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བེད་སྤྱོད་བྱེད་ཚད་མཐོ་རུ་གཏང་དགོས། རྒྱུགས་བསྡུ་མི་སྣའི་ཁྲོད་སྐད་གཉིས་ཤེས་ལྡན་མི་སྣ་ཉུང་བས་རིག་གནས་ཁོང་ཡངས་དང་རིག་གནས་སྤེལ་རེས། རིག་གནས་གསབ་རེས་བྱས་པར་སྐུལ་འདེད་བཏང་ནས་སྔར་ལྷག་གིས་མི་རིགས་སྐད་ཡིག་འདྲ་མཉམ་འཕེལ་རྒྱས་ཡོང་བར་བྱ་དགོས་པའི་གྲོས་འཆར་བཏོན་པ་རེད།
ཨུ་ཡོན་ལི་ཞིང་ཝུན་གྱིས་མིག་སྔར་རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་འབོར་ཅུང་ཉུང་ཙམ་ཡིན་ཞིང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་གནད་དོན་མང་པོ་ཞིག་གནས་ཡོད་པས་ཁུལ་ཡོངས་ཀྱི་ཚོང་དང་མ་རྩ་འདྲེན་འགུགས་གྱི་ལས་བགོས་འགན་ཁུར་བ་རྣམས་སྔ་རྗེས་སུ་ཀོང་ཏུང་བཅས་མཚོ་རྒྱུད་དར་རྒྱས་ས་ཁུལ་དུ་ལྟ་སྐུལ་སློབ་སྦྱོང་དང་དཔལ་འབྱོར་འཕེལ་རྒྱས་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་དགོས། མིག་སྔར་རང་ཁུལ་དམངས་གཉེར་ཁེ་ལས་དེ་དག་ཅུང་ཆུང་བ་དང་ཞན་པ། ཁ་བྲལ་བཅས་ཡིན་མོད། འོན་ཀྱང་དེར་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་པ་རེད། ཚང་མར་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་ཡོད་དགོས། ད་སང་ཁོར་ཡུག་བཅོས་སྐྱོང་དང་བཟའ་བཅའ་ཉེན་མེད་སྐོར་ལ་རེ་བ་ཆེན་པོ་ཡོད་པས་དཀར་མཛེས་ཁུལ་གྱི་ཁེ་ལས་ཁག་ལ་མཚོན་ན་འདི་ནི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཡིན་ཞིང་། ཚང་མས་མིག་རྒྱང་ཇེ་ཡངས། མ་དངུལ་ཇེ་མང་། ཐོན་ཁུངས་ཇེ་ལེགས། ལག་རྩལ་གསོག་འཇོག་བཅས་བྱས་ནས་ཁེ་ལས་འཕེལ་རྒྱས་སྔར་ལས་ཚད་ལྡན་དུ་གཏང་དགོས་ཅེས་བཤད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10