སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་དར་མདོར་འཚོག་འགོ་ཚུགས།

ཡེ་མགོན་དང་ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།        2018-01-03

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་དར་མདོར་འཚོག་འགོ་ཚུགས།

བྱང་ཆུབ་ཀྱིས་ལས་ཀའི་སྙན་སེང་ཞུས། ཁྲེང་ཧོང་པའོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས། ཅང་ཞིའུ་དབྱིན་གྱིས་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་སེང་ཞུས། 

སྤྱི་ཟླ་དང་པོའི་ཚེས3ཉིན་གྱི་སྔ་དྲོར་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་རོལ་དབྱངས་ཁྲོད་དར་མདོར་འཚོག་འགོ་ཚུགས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་ཀྱིས་ལས་ཀའི་སྙན་སེང་ཞུས་པ་དང་། ཁྲེང་ཧོང་པའོ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས། ཅང་ཞིའུ་དབྱིན་གྱིས་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་སེང་ཞུས་པ་རེད།

བྱང་ཆུབ་དང་ཁྲེང་ཧོང་པའོ། ཧྥན་ཝུན་ཧྭ། རྡོ་རྗེ་བཀྲ་ཤིས། ཅང་ཞིའུ་དབྱིན། སུན་ཧྥེ། ཨ་རྒྱས་བུ་ཕྲུག  ལེ་ཅན་ཕིང་། སྐུ་བཅར་ཡོན་ཏན་རྒྱ་མཚོ། གཡུང་མཚོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ་རེད།

ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་གི་འགོ་ཁྲིད་གདན་ཞུ་ལྟར་ཚོགས་འདུའི་ཐོག་ཕེབས་ནས་རྟེན་འབྲེལ་ཞུས་པས་མ་ཚད། ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པ་རེད།

ཐེངས་འདིའི་གྲོས་ཚོགས་ནང་ཞུགས་དགོས་པའི་ཨུ་ཡོན283ཡིན་པ་དང་། དངོས་སུ་ཞུགས་པའི་ཨུ་ཡོན251ཡོད་པས་སྲིད་གྲོས་ཀྱི་སྒྲིག་ཡིག་དང་མཐུན་པ་རེད།

གྲོས་ཚོགས་ཐོག་ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་བ་རེད།

བྱང་ཆུབ་ཀྱིས་ཞུས་པའི་སྙན་སེང་ནང་དུ་ཕྱོགས་དྲུག་གི་ཐད་ནས་འདས་པའི་ལོ་གཅིག་གི་ལས་ཀར་ཕྱོགས་བསྡོམས་བྱས་ཤིང་། 2018ལོའི་ལས་ཀར་བཀོད་སྒྲིག་བྱས་པ་སྟེ།

2018ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཏུ་གཏོང་འགོ་ཚུགས་པའི་ལོ་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁབ་ཕུ་ཐག་གཅོད་པའི་འགག་རྩའི་ལོའང་ཡིན་པ་རེད། ད་ལོར། ཁུལ་སྲིད་གྲོས་ཀྱི་ལས་ཀའི་ཁྲིད་སྟོན་བསམ་བློ་ནི། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱིས་གཅིག་འདོམས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ཐད་གནང་བའི་བཀའ་སློབ་ཀྱི་བླང་བྱ་ཡིས་ཁྲིད་སྟོན་བྱས་ཏེ་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་དམིགས་ཡུལ་འདིར་དམ་པོར་གཞིགས་པ་དང་། དབུལ་ཐར་འགག་སྒྲོལ་དང་ཡུན་རིང་བདེ་འགོད་ཀྱི་འགག་རྩ་གཉིས་དམིགས་སུ་ཐོན་པར་བྱས་ཏེ་གཅིག་གྱུར་གྱིས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་དམ་འཛིན་ཡག་པོར་བྱས་ཏེ་རྨང་གཞིའི་སྒྲིག་ཆས་རྗེས་ལུས་དང་དམངས་འཚོའི་ཆུ་ཚད་དམའ་བ། ཁྲིམས་སྐྱོང་གི་རྨང་གཞི་ཞན་པ། ཤེས་ལྡན་མི་སྣའི་དཔུང་སྡེ་མི་འདང་བའི་ཞན་ཆ་ཆེན་པོ་བཞི་གསབ་སྣོན་བྱས་པར་བརྟེན། ཡུན་རིང་བདེ་འགོད་ཡོང་བའི་བསམ་བློའི་རྨང་གཞི་དང་དངོས་པོའི་རྨང་གཞི། དམངས་སེམས་ཀྱི་རྨང་གཞི། ཁྲིམས་སྐྱོང་གི་རྨང་གཞི། རྩ་འཛུགས་ཀྱི་རྨང་གཞི་བཅས་རྨང་གཞི་ཆེན་པོ་ལྔ་འདིང་དགོས། སེམས་ཤུགས་བསྒྲིམས་ནས་དབུལ་སྐྱོར་འགག་སྒྲོལ་དང་ཁྲིམས་ལྟར་ཁུལ་སྐྱོང་། ཐོན་ལས་དམངས་ཕྱུག  འགྲིམ་འགྲུལ་སྔོན་སྤེལ། གྲོང་ཡུལ་རིམ་སྤོར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ཀྱི་འཐབ་ཇུས་ཆེན་པོ་དྲུག་སྒྲིག་འཛུགས་ལག་ལེན་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་རྒྱུའི་སྤྱི་ཡོངས་ཀྱི་ལས་དོན་ཆགས་ཚུལ་འགྲུབ་པར་བྱས་ཏེ་དམངས་གཙོ་མཐུན་སྒྲིལ་དང་དམ་པ་དོན་གཉེར། གསར་གཏོད་ཡར་བརྩོན། ཧུར་ཐག་འགན་སྒྲུབ་བཅས་རྒྱུན་འཁྱོངས་བྱས་ནས་མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས།

བྱང་ཆུབ་ཀྱིས་སྙན་སེང་ནང་གསུངས་དོན། དུས་རབས་གསར་པར་དམིགས་པ་དང་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པར་ལངས་ཤིང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ་འབྱོར་འབྲིང་བསྐྲུན་པར་སྲིད་གྲོས་ཀྱི་འདུ་ཤེས་གཅིག་ཏུ་བསྒྲིལ་དགོས། ལས་འགན་ཨང་དང་པོར་དོ་སྣང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྲིད་གྲོས་ཀྱིས་བྱ་བ་བསྒྲུབ་དགོས། འགན་ནུས་བསྒྲུབ་རྒྱུའི་འདུ་ཤེས་རྒྱུན་འཁྱོངས་དང་། དམངས་འཚོ་ལེགས་བཅོས་སྐུལ་འདེད་གཏོང་བའི་སྲིད་གྲོས་ཀྱི་ཁས་ལེན་ལག་བསྟར་བྱེད་པར་སྐུལ་འདེད་གཏང་དགོས། མཐུན་སྒྲིལ་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཡུན་རིང་བདེ་འགོད་ཡོང་བའི་བྱ་གཞག་ཆེན་པོ་ཆགས་པར་སྲིད་གྲོས་ཀྱི་སྟོབས་ཤུགས་འདོན་དགོས། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུར་རྒྱུན་འཁྱོངས་བྱས་ནས་བྱ་གཞག་ལ་མཁོ་བའི་སྲིད་གྲོས་ཀྱི་ཉམས་འགྱུར་མངོན་དགོས།།


  • ལེ་ཚན་སྔོན་མ།:2018ལོའི་ཁུལ་ཚོགས་ཆེན་གཉིས་སང་ཉིན་ནས་འཚོག་འགོ་ཚུགས་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་དང་བྱང་ཆུབ་སོགས་ཁུལ་འགོ་ཁྲིད་ཀྱིས་སྲིད་གྲོས་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་།
  • དོ་སྣང་ཆེ་བའི་རྩོམ།