སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་།

ལྷ་འཛོམས་ཀྱིས་བསྒྱུར།        2017-12-11

      ཟླ་བ12པའི་ཚེས6ཉིན་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་འབྲེལ་ཡོད་སྡེ་ཁག་ཁྲིད་དེ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་དུ་ལས་ཀ་འབྲེལ་མཐུད་དང་སྙན་སེང་ཞུ་བར་ཕེབས་ཏེ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཏང་ཙུའུ་ཧྲུའུ་ཅི། ཐིང་ཀྲང་ཡུས་ཧུའེ་ཝུན་དང་མཉམ་དུ་སྔ་ལས་ལྷག་པར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལས་ཀ་ཡག་མོ་འཛིན་རྒྱུའི་སྐོར་ལ་བཞུགས་མོལ་གནང་བ་རེད།

      ལིའུ་ཁྲེང་མིང་གིས་དང་ཐོག་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཐོག་མཐའ་བར་གསུམ་དུ་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་། རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཡུན་རིང་པོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐུགས་ཁུར་གནང་བ་དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གིས་རྒྱབ་སྐྱོར་ཆེན་པོ་གནང་འོག རང་ཁུལ་གྱིས་ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་ནན་ཏན་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལས་ཀ་ཡག་མོ་ཏན་ཏིག་བསྒྲུབས་པ་དང་། ཁྱོན་ཡོངས་ནས་འབག་བཙོག་འགོག་བཅོས་གྱི་ལས་ཀ་ཆེན་པོ་བསྒྲུབས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཡིན་ན་ཡང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་དཔྱད་གནས་ཚུལ་ལ་བལྟས་ན། རང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་ཀ་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བླང་བྱ་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད་པ་རེད། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གིས་སྔ་བཞིན་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་གནད་དོན་དག་བཅོས་སོགས་ཀྱི་ཐད་ནས་རང་ཁུལ་ལ་ཁྲིད་སྟོན་དང་རོགས་རམ་དེ་བས་མང་པོ་གནང་རོགས་བྱས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་བསྐྲུན་རྒྱུར་ཤུགས་འདོན་རོགས་ཞེས་གསུངས་པ་རེད།

      ཞའོ་ཡིའུ་ཚའེ་ཡིས་དགེ་བསྙེན་གནས་རིའི་མཛེས་ལྗོངས་ས་ཁུལ་གསར་སྦོལ་དང་བྱང་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་བརྩོན་ལེན། གཙོ་གནད་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་སྲུང་སྐྱོང་བྱེད་འཐུས་ཀྱི་སྲིད་ཇུས་ཁྲིད་སྟོན། ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་གྱི་དག་བཅོས་ལས་གཞིའི་བདག་སྤྲོད་དང་ཞིབ་བཤེར་ཆོག་མཆན་སོགས་ཐད་ཀྱི་ལས་ཀར་ངོ་སྤྲོད་བྱས་པ་རེད།

      ཡུས་ཧུའེ་ཝུན་གྱིས་དཀར་མཛེས་ཁུལ་ཁོར་ཡུག་སྲུང་སྐྱོང་ལས་ཀའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ནི་མི་དམངས་ཀྱི་བདེ་སྡུག་དང་མི་རིགས་ཀྱི་འབྱུང་འགྱུར་ལ་ཐུག་པའི་ཕུགས་རིང་གི་ཇུས་ཆེན་ཞིག་ཡིན་པས། དཀར་མཛེས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་ཀ་ཡག་མོ་བསྒྲུབ་རྒྱུ་དང་དཀར་མཛེས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱ་རྒྱུ་ནི་དོན་སྙིང་གལ་ཆེན་ལྡན་པ་རེད། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གིས་མུ་མཐུད་ནས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་ཀ་དང་གལ་ཆེའི་ལས་གཞིའི་ཁོར་ཡུག་ཞིབ་བཤེར་ཆོག་མཆན་སྟེར་རྒྱུ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་དང་ཁྲིད་སྟོན་གནང་བ་དང་མ་སྐུལ་དང་བླངས་ཀྱིས་ཞབས་ཕྱི་ཞུ་བ། སྔ་སྣུར་དུ་ཞུགས་པ་བཅས་བྱས་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རོགས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བྱེད་ཐབས་སྣ་ཚོགས་བླངས་ནས་དབུལ་ཐར་གང་ཐུབ་བྱས།
  • ལེ་ཚན་རྗེས་མ།:དར་མདོ་ས་ཁུལ་གྱི་དད་ལྡན་མང་ཚོགས་ལྔ་མཆོད་ཀྱི་ཆོ་གར་བྲེལ་བཞིན་པ།
  • དོ་སྣང་ཆེ་བའི་རྩོམ།