གྲུབ་དབང་པད་མ་ནོར་བུའི་སྐུ་ཕྲེང་བཞི་པ་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ་དཔལ་ཡུལ་དགོན་དུ་སྤེལ།

སྐལ་ཐུབ་ཀྱིས་བྲིས།        2014-08-05

ཟླ་བ7པའི་ཚེས31ཉིན་སི་ཁྲོན་ཞིང་ཆེན་དཔལ་ཡུལ་རྫོང་དཔལ་ཡུལ་དགོན་པའི་མཆོག་སྤྲུལ་གྲུབ་དབང་པད་མ་ནོར་བུའི་ཡང་སྲིད་རིན་པོ་ཆེ་སྐུ་ཕྲེང་བཞི་པ་སྤེན་པ་ནོར་བུ་མཆོག་གསེར་ཁྲི་མངའ་གསོལ་བའི་མཛད་སྒོའི་དུས་སྟོན་ཆེན་པོ་དེ་དཔལ་ཡུལ་དགོན་དུ་གཟབ་རྒྱས་ངང་སྤེལ་བ་རེད།
  དཔལ་ཡུལ་དགོན་པ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞིའི་ཁྲི་ལོ་བཅུ་བཞི་པ(སྤྱི་ལོ1675ལོར)བཞེངས་ཤིང་རང་རྒྱལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྔ་འགྱུར་རྙིང་མའི་དགོན་ཆེན་དྲུག་གི་ཡ་གྱལ་ཞིག་རེད།  མཆོག་སྤྲུལ་པད་མ་ནོར་བུ་སྐུ་ཕྲེང་གསུམ་པ་ནི་དཔལ་ཡུལ་དགོན་པའི་ཁྲི་རིམ་གཉིས་པའི་སྤྲུལ་སྐུ་ཡིན་ལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་དང་རྙིང་མ་པའི་ནང་དུ་མཚན་སྙན་གྲགས་ཆེ་ཞིང་གོ་འཕང་མཐོན་པོར་གཤེགས་པས་རྒྱ་ཆེ་བའི་ཆོས་དད་མང་ཚོགས་ཀྱིས་སྙིང་ཐག་པ་ནས་དགའ་ཞེན་དང་བརྩི་བཀུར་ཞུས་པ་རེད།  2009ལོའི་ཟླ་བ3པར་དགོངས་པ་རྫོགས་རྗེས་ཆོས་ཕྱོགས་ཀྱི་འགྲོ་ལུགས་ལྟར་བླ་མ་སྐྱེས་ཆེན་དམ་པ12ལས་གྲུབ་པའི་ཡང་སྲིད་འཚོལ་ཞིབ་ཚོ་ཆུང་བཙུགས་ནས་ལོ་བཞི་ཉེ་བ་ལ་འདྲི་རྩད་ཆད་མེད་བྱས་པར་བརྟེན།  2013ལོའི་ཟླ་བ11པར་བོད་ལྗོངས་ལྷོ་ཁ་ས་ཁུལ་དུ་ཡང་སྲིད་འཚོལ་རྙེད་བྱུང་བ་དང་།  རྒྱལ་ཁབ་ཆོས་ལུགས་ཅུས་ཀྱིས་ཁས་ལེན་གནང་ཞིང་ཞིང་ཆེན་དང་ཁུལ་ཆོས་ལུགས་སྡེ་ཚན་གྱིས་མཆན་བཀོད་ཡིག་ལན་སྤྲད་པར་ལྟར་སྤེན་པ་ནོར་བུ་གྲུབ་དབང་པད་མ་ནོར་བུའི་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གནང་བ་རེད། ཡང་སྲིད་ཀྱི་མཚན་གཞན་ཡང་པད་མ་རྡོ་རྗེ་ཟེར་ཞིང2011ལོའི་ཟླ་བ12པའི་ཚེས31ཉིན་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་རྒྱ་ཚ་རྫོང་དུ་སྐུ་འཁྲུངས་པ་རེད།    ཐེངས་འདིའི་གསེར་ཁྲི་མངའ་གསོལ་བའི་མཛད་སྒོ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སི་ཁྲོན་ཞིང་ཆེན།  དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆོས་ཕྱོགས་འགྲོ་ལུགས་དང་།  ལོ་རྒྱུས་ཀྱི་ངེས་སྲོལ།  དཔལ་ཡུལ་དགོན་པའི་སྲོལ་རྒྱུན་གོམས་སྲོལ་ལྟར་སྤེལ་བ་རེད།  ཞིང་ཆེན་དང་ཁུལ།  རྫོང་རིམ་པའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཆོས་ལུགས་ཅུས།  ནང་བསྟན་མཐུན་ཚོགས།  བོད་རིགས་སྤུན་ཟླའི་གཞུང་ལས་ཁང་སོགས་སྡེ་ཚན་གྱི་འབྲེལ་ཡོད་འགོ་ཁྲིད་དང་།  ཡང་སྲིད་ཕ་ཡུལ་གྱི་འཐུས་མི་དང་།  ཆོས་དད་མང་ཚོགས་བཅས་མཛད་སྒོར་ཞུགས་པ་རེད།  ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འཐུས་མིས་མཛད་སྒོའི་ཐོག《སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ཅུས་ཀྱི་སྤེན་པ་ནོར་བུ་ཉིད་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དཔལ་ཡུལ་དགོན་པའི་ཁྲི་རིམ་གཉིས་པའི་སྤྲུལ་སྐུ་པད་མ་ནོར་བུའི་ཡང་སྲིད་དུ་ངོས་འཛིན་གནང་བར་མོས་མཐུན་བྱེད་པའི་སྐོར་གྱི་མཆན་བཀོད་ཡིག་ལན》བསྒྲགས་པ་མ་ཚད་སྤྲུལ་སྐུའི་ཡང་སྲིད་ལ་སྤྲུལ་སྐུའི་ལག་ཁྱེར་གནང་བ་རེད།    དཔལ་ཡུལ་དགོན་པས་ཆོས་ཕྱོགས་ཀྱི་འགྲོ་ལུགས་དང་སྲོལ་རྒྱུན་གོམས་གཤིས་ལ་བརྟེན་ནས་དགའ་སྟོན་གྱི་མཛད་སྒོ་རྒྱ་ཆེན་སྤེལ་བ་རེད། 
  • ལེ་ཚན་སྔོན་མ།:ཁམས་པའི་མཐོ་སྒང་དུ་བདེ་སྐྱིད་ཀྱི་མེ་ཏོག་བཞད།
  • ལེ་ཚན་རྗེས་མ།:ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བཅའ་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱས་ཏེ་དམངས་ཀྱི་དཀའ་ངལ་ཐག་གཅོད་བྱས།
  • དོ་སྣང་ཆེ་བའི་རྩོམ།