
དར་མདོ་རྫོང་གི་ར་རྔ་ཁ་གྲོང་རྡལ་གྱི་རྫོང་ཞབས་གྲོང་སྡེ་རུ་སླེབས་དུས་མི་རྣམས་ཀྱི་མིག་ལམ་དུ་རྒྱལ་སྲུང་གཞུང་ལམ318པའི་ལམ་འགྲམ་གཉིས་སུ་བཟོ་བཀོད་མཛེས་ཤིང་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལྗོངས་རྒྱུ་སྣེ་ལེན་ཁང་གྲལ་ལྟར་སྒྲིག་བཞིན་ཡོད་པ་མཐོང་ཐུབ།གསར་འགོད་པས་ཕྱིར་དྲན་བྱས་དུས་སྔོན་རྫོང་ཞབས་གྲོང་དུ་སྡོད་ཁང་ཉུང་ལ་བཟོ་བཀོད་མི་ལེགས་པ།ཞིང་པ་ཚོས་ཞིང་ལས་དང་ཕྱུགས་འབྲོག་ལས་ཀྱི་ཡོང་འབབ་རྐྱང་པར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས།འཚོ་བའི་ཆ་རྐྱེན་མི་ལེགས་པ་དེ་སྨྲ་མི་དགོས་པ་ཞིག་རེད།ཉེ་བའི་ལོ་ཤས་རིང་གྲོང་ཚོ་དེས་རང་ཡུལ་དཀར་མཛེས་ཁུལ་གྱི་ལྷོ་བྱང་འགྲིམ་འགྲུལ་གྱི་ལྟེ་གནས་སུ་གནས་པའི་ཆ་རྐྱེན་ལ་བརྟེན་ནས་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་གཏོང་བ་རེད།ཞིང་པ་ཚོས་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་ཟུང་འབྲེལ་བྱས་ནས་ཧུར་ཐག་གིས་རང་ཡུལ་གྱི་ལྗོངས་རྒྱུ་མཐུན་རྐྱེན་བེད་སྤྱོད་གང་ལེགས་བྱས་ཏེ་མི་རིགས་ཁྱད་ཆོས་ལྡན་པའི་ལྗོངས་རྒྱུ་སྣེ་ལེན་ཁང་འཛུགས་སྐྲུན་བྱས་ནས་ལྗོངས་རྒྱུ་བར་སྣེ་ལེན་བྱས་པས།གྲོང་ཚོ་དེ་དར་མདོ་རྫོང་གི་ཆེས་མཛེས་སྡུག་ལྡན་པའི་གྲོང་སྡེ་རུ་གྱུར། མིག་སྔར་གྲོང་སྡེ་ཡོངས་ཀྱི་དུད་ཚང84ནང་ཡུལ་དམངས་ལྗོངས་རྒྱུ་སྣེ་ལེན་ནང་ཞུགས་མཁན་དུད་ཚང80ཡོད་པས།གྲོང་སྡེ་ཡོངས་ཀྱི་ཡུལ་མིའི་ཡོང་འབབ་འཕར་སྣོན་ཆེས་ཆེར་བྱུང་ཡོད།དེ་ནས་ལྗོངས་རྒྱུ་སྣེ་ལེན་བྱ་རྒྱུ་ནི་ཡུལ་དེ་གའི་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར།གྲོང་མི་དོན་འགྲུབ་ཀྱིས་བཤད་རྒྱུར།མིག་སྔར་ང་ཚོ་གྲོང་སྡེའི་ཞིང་པ་ཚོས་ལྗོངས་རྒྱུ་སྣེ་ལེན་རྐྱང་པས་ལོ་རེར་ཡོངས་འབབ་སྒོར་ཁྲི30ལྷག་ཙམ་ཡོད་པ་རེད།རྫོང་ཞབས་གྲོང་སྡེས་ཐོན་ལས་ཆགས་ཚུལ་ལེགས་སྒྲིག་དང་འདུས་སྡེ་འཛུགས་སྐྲུན།ཞིང་པའི་ཡོང་འབབ་འཕར་སྣོན་གཏོང་རྒྱུ་སོགས་ཀྱི་ལས་ཀ་ཧུར་ཐག་བསྒྲུབས་ནས་སྔོན་གྱི་ཕྱུགས་འཚོ་བ་དང་གླ་རྒྱག་འགྲོ་བ།ཞིང་འདེབས་པ་སོགས་ཀྱི་ཐོན་སྐྱེད་བྱེད་སྟངས་དེ་ལྗོངས་རྒྱུ་ཐོན་ལས་དང་ཞོར་ལས།ཞིང་འབྲོག་ལས་བཅས་ཟུང་འབྲེལ་བྱས་པའི་དཔལ་འབྱོར་ཆགས་ཚུལ་གསར་པར་བསྒྱུར་ནས་ཡུལ་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་འཚོལ་ལོན་པ་རེད།