ཉེ་ཆར་གསར་འགོད་པས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལྔ་གཉིས་གསུམ་གྱི་སློབ་སྦྱོང་བྱེད་སྒོའི་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པའི་ཐོག་ནས་ཤེས་རྟོགས་བྱུང་དོན། ཁུལ་དང་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་འགན་ནུས་འདོན་སྤེལ་དང་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་ཅིང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྐུལ་སྤེལ་གཏོང་ཞིང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཕྲོད་མཐུན་ཡོང་ཆེད2015ལོ་ནས་བཟུང་རང་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་རྒྱུགས་སྤྲད་ལམ་ལུགས་འཛུགས་རྒྱུ་རེད། ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་ཁྲིད་བྱས་འོག་དུས་ཡུན་ལོ་ལྔ་སྤྱོད་ནས་གྲུབ་མཐའ་ཁག་ལྔའི་བླ་མ་སྐྱེས་ཆེན་དམ་པ་ལས་གྲུབ་པའི་ཁྲིད་སྟོན་ཨུ་ལྷན་དང་ཞིབ་བཤེར་ཨུ་ལྷན་སྒྲིག་འཛུགས་བྱ་རྒྱུ་ཡིན་ཞིང་། སྲིད་གཞུང་གིས་ཆོག་མཆན་ཐོབ་པའི་བཤད་གྲྭ་དང་ནང་བསྟན་སློབ་གླིང་དུ་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་རྒྱུགས་སྤྲད་ལམ་ལུགས་སྤེལ་བའི་རྨང་གཞིའི་ཐོག་ནམ་རྒྱུན་གྱི་བྱ་སྤྱོད་བཟང་ངན་ལ་དམིགས་ནས་ཆོས་ཀྱི་སྦྱངས་ཚད་ལ་དཔྱད་འཇོག་བྱེད་ཅིང་ཡོན་ཚད་ཀྱི་གོ་རྟགས་མི་འདྲ་བར་ངོས་འཛིན་བྱེད་པ་དང་། དེ་ལ་དེ་འཚམ་གྱི་དཔང་ཡིག་སྤྲད་དེ་སྨྱན་སྦྱོར་གྱི་ལམ་ནས་ཁྱབ་བསྒྲགས་བཏང་སྟེ་སྤྱོད་ཡོན་གཉིས་ལེགས་ཀྱི་ཆོས་སྤེལ་འགྲོ་ཕན་གྱི་རྒྱུན་འཛིན་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བྱ་རྒྱུ། དེ་ཡང་ཁུལ་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ལས་སྒྲུབ་མི་སྣ། དགོན་གཉེར་ཁང་གི་གྲུབ་མི་དང་གཞུང་དངུལ་གཏོང་ལེན་པ། རྩིས་གཉེར་པ་བཅས་ཀྱི་ཁྲོད་དུ་ཐོག་མར་རྒྱུགས་སྤྲད་ལམ་ལུགས་བསྟར་རྒྱུ་ཡིན་ཞིང་། རྒྱུགས་སྤྲད་པའི་ནང་དོན་གཙོ་བོ་ནི་ལམ་གཙོ་རྣམ་གསུམ་དང་སྐྱབས་འགྲོའི་སྡོམ་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། 《ཆོས་ལུགས་ལས་དོན་གྱི་དོ་དམ་སྲོལ་ཡིག》《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྒྲིག་ཡིག》《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ལས་དོན་སྐོར་གྱི་སྲོལ་ཡིག》ལྔ་གཉིས་གསུམ་གྱི་སློབ་སྦྱོང་བྱ་འགུལ་གྱི་ནང་དོན་བཅས་འདུས་པ་རེད།