པོ་ཏ་མཚོ་མོ་རྒྱལ་ཁབ་སྤྱི་གླིང་གིས་སང་ལོ་ནས་བཟུང་སྤྱི་གླིང་སྲུང་སྐྱོང་དོ་དམ་སྲོལ་ཡིག་ལག་བསྟར་བྱེད་རྒྱུ་རེད།
ཚེ་རིང་རྒྱ་མཚོས་བསྒྱུར། ཀྲུང་གོ་བོད་ཀྱི་དྲ་བ། 2013-11-19
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2011ལོའི་སྤྱི་ཟླ2པའི་ཚེས26ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པའི་གྲོས་ཚོགས་ལས《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་པོ་ཏ་མཚོ་མོ་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོང་དོ་དམ་སྲོལ་ཡིག》ལ་ཞིབ་བཤེར་བྱས་པ་དང་། 2013ལོའི་སྤྱི་ཟླ9བའི་ཚེས25ཉིན་ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་ལྔ་བའི་གྲོས་ཚོགས་དང2013ལོའི་སྤྱི་ཟླ11པའི་ཚེས13ཉིན་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཐེངས་བཅུ་གཅིག་པའི་གྲོས་ཚོགས་བཅས་ཀྱིས་ཆོག་མཆན་བཀོད་པ་ལྟར། 2014ལོའི་སྤྱི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།
《སྲོལ་ཡིག》གཏན་འཁེལ་དང་འགྲེམ་སྤེལ་བྱས་པ་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཁྲིམས་འཛུགས་ལས་ཐོག་དང་པོ་ཡིན་ལ། བདེ་ཆེན་ཁུལ་གྱི་ཁྲིམས་ལུགས་འཛུགས་སྐྲུན་ཁྲོད་ཀྱི་ལམ་རྟགས་རྡོ་རིང་གསར་བ་ཞིག་ཡིན་པ་དང་། སྲོལ་ཡིག་འདི་ལག་བསྟར་བྱས་པ་བརྒྱུད། པོ་ཏ་མཚོ་མོ་རྒྱལ་ཁབ་སྤྱི་གླིང་གི་འཕེལ་རྒྱས་དང་སེམས་ཀྱི་ཉི་ཟླ་རྫོང་གི་རྒྱལ་ཁབ་སྤྱི་གླིང་མ་ལག་འཛུགས་སྐྲུན་གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་བྱེད་པ། བདེ་ཆེན་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་ཐད་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱེད་པ་བཅས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ངེས། །