བདེ་ཆེན་ཁུལ་གྱིས་ཁེ་ལས་འཕེལ་རྒྱས་མཐུན་ཚོགས་གསར་དུ་བཙུགས།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2013-08-02
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ7པའི་ཚེས26ཉིན་གྱི་སྔ་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་ཁྱུང་འབྲུག་བཀྲ་ཤིས་མགྲོན་ཁང་ཆེན་མོ་ནས་བདེ་ཆེན་ཁུལ་གྱི་ཁེ་ལས་འཕེལ་རྒྱས་མཐུན་ཚོགས་གསར་དུ་བཙུགས་པའི་མཛད་སྒོའི་ཚོགས་ཆེན་བསྡུས་ཤིང་། མཐུན་ཚོགས་ལ་སྒོ་བྱང་བཀལ་བ་མ་ཟད། ཐམ་ག་ཡང་གནང་བ་རེད།
གྲོགས་ཚོགས་ནང་བསྟན་དོན། ཁེ་ལས་འཕེལ་རྒྱས་མཐུན་ཚོགས་ནི་སྲིད་གཞུང་གིས་ཁེ་ལས་པ་དང་། ཁེ་ལས་ལ་འབྲེལ་གཏུག་བྱེད་པའི་ཟམ་པ་དང་སྐ་རགས་ལྟ་བུ་ཡིན། མཐུན་ཚོགས་འདི་བཙུགས་པ་དེས་བདེ་ཆེན་ཁུལ་གྱི་ཁེ་ལས་པའི་དཔུང་ཁག་འཛུགས་སྐྲུན་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་སླེབས་ཡོད་པ་མཚོན་ཡོད། དེང་སྐབས་དང་དེང་ཕྱིན་གྱི་དུས་སྐབས་གཅིག་ནི་ཡུན་ནན་ཞིང་ཆེན་གྱིས་འཕེལ་རྒྱས་ཇེ་མགྱོ གས་སུ་གཏོང་བའི་གསེར་གྱི་དུས་སྐབས་ལྟ་བུ་ཞིག་ཡིན་ལ། བདེ་ཆེན་གྱི་དཔལ་འབྱོར་དེ་མཐོ་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་བའི་ཐོབ་དཀའ་བའི་གོ་སྐབས་ཤིག་ཀྱང་ཡིན། གནས་བབ་བཟང་ལ་གོ་སྐབས་བཟང་བོར་འཕྲད་ཡོད་པས། ཁེ་ལས་སོ་སོའི་ཁོངས་མི་རྣམས་ཀྱིས་མཐུན་ཚོགས་བཙུགས་པ་དེ་འགོ་རྩོམ་ས་གསར་བ་ཞིག་ཏུ་བརྩིས་ནས། ཁེ་ལས་དེ་ཉིད་ཇེ་ཆེར་དང་ཇེ་རྒྱས། ཡུན་རིང་སྒྲུབ་ཐུབ་པ་ཞིག་ཏུ་གཏོང་རྒྱུའི་རེ་བ་ཡོད།
གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། མཐུན་ཚོགས་ཀྱིས་ཁྲིམས་ལུགས་ཁྲིམས་སྲོལ་དང་འབྲེལ་ཡོད་སྲིད་ཇུས་ལྟར་ཁྲིམས་མཐུན་གྱིས་མཐུན་ཚོགས་འཛུགས་དགོས་ལ། སྒྲིག་སྲོལ་གཞིར་བཟུང་ནས་མཐུན་ཚོགས་ཀྱི་ནུས་པ་འདོན་དགོས། ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། ཁོངས་མི་དང་ཁེ་ལས་བར་གྱི་འབྲེལ་འདྲིས་མཉམ་ལས་ཁྲོད་ནུས་པ་གང་ལེགས་འདོན་དགོས། ཁེ་ལས་ཀྱིས་ལམ་ལུགས་གསར་བསྒྱུར་བྱེད་པར་སྣེ་ཁྲིད་ནས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་གཙོར་བཟུང་བ་དང་། ཐོན་ལས་གསར་སྤེལ་ལ་ཤུགས་སྣོན་པ། ཧུར་ཐག་གིས་ཐོན་རྫས་མིང་གྲགས་ཅན་བཟོ་བ། མུ་མཐུད་ནས་དོ་དམ་གྱི་རྣམ་པ་དང་ལས་གཉེར་གྱི་འདུ་ཤེས་བསྒྱུར་ནས། མཐུན་ཚོགས་འདི་ཉིད་དོན་དངོས་ཐོག་ཁེ་ལས་ཀྱི་གཞིས་ཁྱིམ་ལྟ་བུར་ཆགས་སུ་འཇུག་དགོས་ཤིང་། ཁེ་ལས་ཀྱི་འབྲེལ་གཏུག་བྱེད་མཁན་དང་། སྙོམས་སྒྲིག་བྱེད་མཁན། ཞབས་འདེགས་ཞུ་མཁན་ལྟ་བུ་ཞིག་ཏུ་འགྱུར་དགོས། སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གིས་ཞབས་ཞུའི་འདུ་ཤེས་གསར་བ་བཙུགས་ནས། ཧུར་ཐག་གིས་ཁེ་ལས་ལ་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། ཧུར་ཐག་གིས་ཁེ་ལས་འཕེལ་རྒྱས་མཐུན་ཚོགས་ཀྱི་ལས་ཀར་རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས། ཁོངས་མི་སྡེ་ཁག་སོ་སོས་མཉམ་ལས་ལ་ཤུགས་བསྣན་ཏེ། ཧུར་ཐག་གིས་མཐུན་ཚོགས་ཀྱི་ཕུན་ཚོགས་དར་རྒྱས་ལ་སྐུལ་འདེད་བཏང་ནས། བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་བྱས་རྗེས་གསར་བ་འཇོག་དགོས།
ཉིན་དེར་འཚོགས་པའི་ཐོག་མའི་ཁོངས་མིའི་འཐུས་ཚབ་ཚོགས་ཆེན་ཐོག་བདེ་ཆེན་ཁུལ་ཁེ་ལས་འཕེལ་རྒྱས་ལས་རིགས་མཐུན་ཚོགས་ཀྱི་སྒྲིག་སྲོལ་ལ་ཁས་ལེན་ཐོབ་པ་མ་ཟད། འདེམས་བསྐོ་བྱས་པ་བརྒྱུད་ནས་སྐབས་དང་པོའི་ཚོགས་གཙོ་དང་། དྲུང་ཡིག་ཆེན་མོ་སོགས་ཀྱང་གདམ་ཐོན་བྱུང་བ་རེད། མཐུན་ཚོགས་ཀྱི་སྐབས་དང་པོའི་ཚོགས་གཙོ་དེ་ཁུལ་མི་དམངས་སྲིད་གཞུང་གི་སྔོན་མའི་སྐོར་གཟིགས་པ་ཏུང་ཅི་རོང་གིས་འགན་འཁུར་བ་རེད། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཝང་ཐེན་ཞི་ཡིས་ཁེ་ལས་འཕེལ་རྒྱས་མཐུན་ཚོགས་ལ་སྒོ་བྱང་དང་ཐམ་ག་གནང་བ་རེད། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་ཁུལ་ཡོངས་ཀྱི་ཁེ་ལས་འཕེལ་རྒྱས་མཐུན་ཚོགས་ཀྱི་ཁོངས་མི་སོགས་གྲོས་ཚོགས་ནང་ཞུགས་ཡོད། །