ཡུན་ནན་བདེ་ཆེན་རང་སྐྱོང་ཁུལ་གྱིས་བོད་རྒྱ་ཡིག་རིགས་གཉིས་ཀྱི་སློབ་ཁྲིད་བྱས་ཏེ་བོད་ཀྱི་རིག་གནས་རྒྱུད་འཛིན་བྱས།

        2013-04-09

ཞིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ3པའི་ཚེས22ཉིན་འབྱོར་བའི་གཏམ་གསར།བོད་ཀྱི་རིག་གནས་རྒྱུད་འཛིན་ལེགས་པོ་བྱེད་ཆེད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་འགར་བོད་རྒྱ་ཡིག་གཉིས་ཀྱི་སློབ་ཁྲིད་བྱེད་པར་སྐུལ་སྤེལ་བྱས་ཏེ་བྱིས་པ་རྣམས་ལ་སློབ་གྲྭའི་སློབ་ཁང་དུ་བོད་རིག་གནས་ཀྱི་བབ་ཆགས་བཟང་པོ་ཐེབས་པ་རེད།   བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་ནི་ཡུན་ནན་ཞིང་ཆེན་གྱི་བོད་རྒྱ་ཡིག་རིགས་གཉིས་ཀ་ཆ་ཚང་བའི་སློབ་འབྲིང་གཅིག་པུ་དེ་ཡིན། སློབ་གྲྭ་འདིར་ཡི་གེ་འདོན་བཞིན་པའི་སློབ་མ2700ལྷག་ཡོད་ལ། ཉིན་རེར་བོད་ཡིག་སློབ་ཐུན་རེ་གཉིས་ཡོད། སློབ་གྲྭའི་བོད་ཡིག་དགེ་རྒན་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིགས་ན། དམའ་འབྲིང་ལོ་རིམ་དང་པོ་ནས་མཐོ་འབྲིང་ལོ་རིམ་གསུམ་པའི་བར་བོད་ཡིག་སློབ་དེབ་སློབ་དུས་རེར་དེབ་རེ་ཡོད། སློབ་དེབ་ཀྱི་ནང་དོན་དེ་རྒྱ་ཡིག་གི་རྩོམ་ཡིག་དེ་བོད་ཡིག་ཏུ་བསྒྱུར་བ་ཡོད་ལ། བོད་ཡིག་ཐད་ཀར་བྲིས་པའང་ཡོད། དེར་རྩོམ་རིགས་དང་གནའི་བོད་ཡིག  གནམ་དཔྱད་དང་ས་ཁམས་ཀྱི་ཤེས་བྱ་སོགས་གཏོགས་པ་རེད། ཉེ་བའི་ལོ་ཤས་ནང་སློབ་དེབ་ནང་ད་དུང་རྩིས་འཕྲུལ་དང་འབྲེལ་དྲྭ་སོགས་ཐ་སྙད་གསར་པ་བྱུང་བ་རེད།
བོད་ཡིག་སློབ་འབྲིང་གི་སློབ་གཙོ་གཞོན་པ་དབྱང་ཅན་ཧྭས་བཤད་རྒྱུར། སློབ་གྲྭས་འཛིན་གྲྭ་རེར་གཟའ་འཁོར་རེར་བོད་ཡིག་སློབ་ཐུན7ནས9རེ་བཀོད་སྒྲིག་བྱས་ཡོད་ཅིང་། ཚོགས་ཐུན་དེ་རྒྱ་ཡིག་དང་རྩིས་རིགཕྱི་རྒྱལ་ཡི་གེ་སོགས་ཕལ་ཆེར་འདྲ་མོ་ཡིན། ངོ་སྤྲོད་བྱས་པར་གཞིགས་ན།འདི་ལོ་འགར་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གི་མཐོ་རྒྱུགས་འཕར་ཚད་བརྒྱ་ཆ96ལས་བརྒལ་བ་རེད།
  བོད་རིགས་སློབ་མ་མ་ཚད་རྒྱ་རིགས་དང་འཇང་རིགས་སོགས་བོད་རིགས་མིན་པའི་སློབ་མ་ལའང་བོད་ཡིག་སྦྱོང་རྒྱུར་སྤྲོ་སེམས་བརྟས། དབྱང་ཅན་ཧྭས་བཤད་རྒྱུར། ད་ལྟར་བོད་རིགས་སློབ་མས་བོད་ཡིག་སློབ་འབྲིང་དུ་བཟུང་བའི་བསྡུར་ཚད་བརྒྱ་ཆ50ཡས་མས་ཡོད། འོན་ཀྱང་སློབ་གྲྭར་ཞུགས་པའི་སློབ་མ་ཡོད་ཚད་ཀྱིས་བོད་ཡིག་སྦྱོང་ཞིང་ཁོ་ཚོས་སློབ་ཚན་དེར་དགའ་པོ་བྱེད་གིན་འདུག་ཅེས་བཤད་པ་རེད།
བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་མིན་པའི་སེམས་ཀྱི་ཉི་ཟླ་རྫོང་གི་མི་རིགས་སློབ་ཆུང་དང་བདེ་ཆེན་རྫོང་སློབ་ཆུང་དང་པོ་སོགས་ཀྱི་སློབ་གྲྭས་ཀྱང་བོད་ཡིག་སློབ་ཁྲིད་སྤེལ་བཞིན་ཡོད། བདེ་ཆེན་རྫོང་སློབ་ཆུང་དང་པོའི་སློབ་གཙོ་དཀོན་མཆོག་ཆོས་གྲགས་ཀྱིས། སློབ་གྲྭས་ལོ་རིམ་གསུམ་པ་ཡན་གྱི་འཛིན་གྲྭར་བོད་ཡིག་སློབ་ཁྲིད་བྱེད་བཞིན་ཡོད་ཅིང་བྱིས་པ་རྣམས་ལ་གཞི་རྩའི་ཉན་བཤད་ཀློག་འབྲི་ཤེས་སུ་བཅུག་སྟེ་བོད་སྐད་ཡིག་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
བོད་ཡིག་སློབ་ཁྲིད་ཡུན་རིང་བྱས་པའི་དགེ་རྒན་འཇམ་དབྱངས་ཀྱིས་སྐད་ནི་རིག་གནས་རྒྱུད་འཛིན་བྱེད་པའི་གལ་ཆེ་བའི་གཞི་རྟེན་ཡིན་ལ། བྱིས་པ་རྣམས་ལ་བོད་ཡིག་སྦྱོང་དུ་བཅུག་ན་བོད་ཀྱི་རིག་གནས་རྒྱུད་འཛིན་ལ་ནུས་པ་གལ་ཆེན་ཐོབ་ཐུབ། མི་རིགས་གཞན་པའི་སློབ་མས་བོད་ཡིག་སྦྱོང་རྒྱུ་དེ་དཀའ་ངལ་ཆེ་བའི་གནད་དོན་ཞིག་མིན་ལ་སློབ་གྲྭར་དུས་རྒྱུན་བོད་སྐད་སྤྱོད་ཆོག་པ་དང་ཁོ་ར་ཁོར་ཡུག་ཏུ་བོད་རིགས་སློབ་གྲོགས་རྣམས་དང་བརྗེ་རེས་ཀྱང་བྱེད་ཆོག་པས་ཡར་ཐོན་ཡང་མངོན་གསལ་བྱུང་འདུག་ཅེས་བཤད་པ་རེད།
དབྱང་ཅན་ཧྭས་ད་ལྟར་ང་ཚོས་སློབ་གྲྭར་བོད་ཡིག་སློབ་ཁྲིད་སྤེལ་ཏེ་བོད་ཡིག་དེ་རྒྱལ་དམངས་སློབ་གསོའི་མ་ལག་ཏུ་བཞག་ནས་བོད་ཀྱི་རིག་གནས་དེ་རྒྱུད་འཛིན་སྤེལ་གསུམ་དེ་བས་ལེགས་པོ་བྱ་ཐུབ་རྒྱུ་རེད་ཅེས་བཤད་པ་རེད། 
  • ལེ་ཚན་སྔོན་མ།:སྲིད་གྲོས་བདེ་ཆེན་ཁུལ་སྐབས11པའི་གྲོས་ཚོགས་ཐེངས2པ་གཟབ་རྒྱས་ངང་ཚོགས་འགོ་བརྩམས།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླའི་རིག་གནས་སྐོར་སྐྱོད་འགྲེམ་སྟོན་སྐབས་བཞི་པ་ཁོན་མིན་རྩིས་བཟོ་སློབ་ཆེན་དུ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།