བདེ་ཆེན་ཁུལ་ནང་བསྟན་སློབ་གླིང་གིས་མཚན་ཉིད་རྒྱུགས་གཞི་སྤེལ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2014-07-29

བདེ་ཆེན་ཁུལ་ནང་བསྟན་སློབ་གླིང་གིས་མཚན་ཉིད་རྒྱུགས་གཞི་སྤེལ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཟླ7པའི་ཚེས22ཉིན་གྱི་སྔ་དྲོར།ཡུན་ནན་ཞིང་ཆེན་ནང་བསྟན་སློབ་གླིང་བདེ་ཆེན་ཁུལ་ཡན་ལག་སློབ་གླིང་གི་ཚོགས་ཆེན་འདུ་ཁང་ནང་མཁན་པོ་དང་གྲྭ་བཙུན་གྱིས་ཁེངས་འདུག  གྲྭ་བཙུན་ཚོས་ཐལ་མོ་རྡེབ་སྒྲ་དང་དྲི་བར་ལན་འདེབས་བཞིན་པའི་སྒྲ་སྙན་ཁྲོད་དུ།སྐབས་གསུམ་པའི་ནང་བསྟན་སློབ་གླིང་གི་འབྲིང་རིམ་འཛིན་གྲྭའི་མཐར་ཕྱིན་མཚན་ཉིད་རྒྱུགས་གཞི་དང་སློབ་གླིང་འདིའི་དཀྱིལ་རྒྱུགས་ཀྱི་མཚན་ཉིད་རྒྱུགས་གཞི་སྤེལ་འགོ་བརྩམས།
སློབ་གླིང་འདིའི་ཡོངས་འཛིན་བྱང་ཆུབ་སངས་བྷས་མཚམས་སྦྱོར་བྱས་པ་ལྟར་ན།ད་ལོར་བདེ་ཆེན་ཁུལ་བོད་བརྒྱུད་ནང་བསྟོན་ཆོས་ལུགས་སློབ་གླིང་གི་ཡན་ལག་སློབ་གླིང་སོ་སོས་དགོན་སྡེ་སོ་སོ་དང་མཉམ་འབྲེལ་བྱས་ཏེ་ལས་འཛིན་ཚོགས་པའི་ལམ་ལུགས་བཙུགས་པ་ནས་བཟུང་།བདེ་ཆེན་ཁུལ་སྲིད་གྲོས་དང་བདེ་ཆེན་ཁུལ་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། བདེ་ཆེན་ཁུལ་ཆོས་ལུགས་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་དང་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེ38བཅས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་འོག  སློབ་གླིང་གི་སློབ་གསོའི་སློབ་ཁྲིད་ལམ་ལུགས་དང་སློབ་གླིང་འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་ལེགས་བཅོས་ཐོབ་པ་དང་།དགེ་རྒན་གྱི་དཔུང་སྡེ་རྒྱ་ཆེར་སོང་བས་སློབ་ཁྲིད་ཀྱི་གཞི་རྒྱ་ཡང་རིམ་བཞིན་ཇེ་ལེགས་སུ་སོང་།མིག་སྔར་མཐར་ཕྱིན་འཛིན་གྲྭ་མ་གཏོགས།  སློབ་གླིང་འདིའི་ནང་རྙིང་མ་བ་དང་དགེ་ལུགས་པ།བཀའ་བརྒྱུད་པ་བཅས་སོ་སོ་འཛིན་གྲྭ་གཅིག་ཡོད།  གྲྭ་བཙུན་རྣམས་བོད་ལྗོངས་དང་སི་ཁྲོན།  ཡུན་ནན་ཞིང་ཆེན་གྱི་ཉིན་ལང་དང་བདེ་ཆེན་ཁུལ་གྱི་བོད་བརྒྱུད་ནང་བསྟན་སློབ་གླིང་སོ་སོ་རུ་ཐོན་པ་ཡིན་ལ།དེའི་ནང་དུ་གྲྭ་བཙུན་ལོ་ཆེས་ཆེ་བ་ལོ39ལ་སོན་ཡོད་པ་དང་ཆེས་ཆུང་བ་ལོ12ལ་སོན་ཡོད།  སྔར་ལས་ལྷག་པར་སློབ་གླིང་འདིའི་སློབ་གསོའི་སློབ་ཁྲིད་བྱ་གཞག་ལེགས་པོ་སྒྲུབ་ཆེད།  སློབ་གླིང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་དང་བོད་ལྗོངས་སོགས་བོད་ཁུལ་དུ་མཚན་སྙན་གྲགས་ཆེ་བའི་དགོན་སྡེ་རུ་དགེ་བའི་གཤེས་གཉེན་གདན་འདྲེན་ཞུ་ནས་འཛིན་གྲྭ་སོ་སོའི་ཡོངས་འཛིན་དུ་བཀོད་སྒྲིག་བྱས་པ་དང་།  དེས་སློབ་གླིང་འདི་རུ་དགེ་རྒན་དཀོན་པའི་གནད་དོན་ཐག་གཅོད་བྱས་པ་མ་ཟད།ད་རུང་གྲུབ་མཐའ་སོ་སོའི་སློབ་མ་རྣམས་རང་རང་གི་འདོད་ཕྱོགས་ལྟར་ཆོས་སློབ་པའི་རེ་འདུན་སྐོང་ཡོད་པས།  སློབ་གླིང་གི་སློབ་ཁྲིད་སྤུས་ཚད་མཐོར་འདེགས་བྱུང་།  ། 
  • ལེ་ཚན་སྔོན་མ།:ལོ་སྟོད་ལ་ན་གོར་མོའི་གནས་སྐོར་སྤྱིའི་ཡོང་སྒོ་སྒོར་ཁྲི35024.12ལ་སླེབས།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱི་གྱོན་གོས་གསུམ་ལ་ཁམས་པའི་ཕུལ་བྱུང་གྱོན་གོས་ལ་བདམས་པ།
  • དོ་སྣང་ཆེ་བའི་རྩོམ།