མངའ་རིས་ས་ཁུལ་གྱི་བྱིས་པའི་ཕན་བདེ་ཁང་འཛུགས་སྐྲུན་བྱེད་འགོ་ཚུགས་རྒྱུ་རེད།
མཁའ་མཚོ་སྐྱིད་ཀྱིས་བསྒྱུར། བོད་ལྗོངས་ཉིན་རེའི་ཚགས་པར། 2014-04-18
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།2013ལོར་བོད་ལྗོངས་ཡོངས་སུ“ཕྱོགས་བསྡུས་གཉིས”ཀྱི་བྱ་བ་སྤེལ་འགོ་བརྩམས་པ་ནས་བཟུང་།མངའ་རིས་ས་ཁུལ་གྱིས་མཐོང་ཆེན་གནང་སྟེ་བཀོད་སྒྲིག་ཡག་པོ་བྱས་པ་དང་།རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འགན་སྲུང་ལྔའི་ཁྱིམ་ཚང་དང་དྭ་ཕྲུག་ཕྱོགས་བསྡུས་ངང་གསོ་སྐྱོང་བྱེད་པའི་བྱ་བའི་བསམ་འཆར་ལ་གཞིགས་ནས།བྱ་བ་སོ་སོ་དངོས་འབེབས་བྱེད་པར་དམ་འཛིན་བྱེད་བཞིན་ཡོད།རྒྱུས་ལོན་ལྟར་ན།ད་ལྟ་མངའ་རིས་ས་ཁུལ་དུ་དྭ་ཕྲུག171ཡོད་པ་དང་།དེའི་ཁྲོད་དྭ་ཕྲུག་གསུམ་ཕྱི་རོལ་ས་ཁུལ་དུ་སློབ་གྲྭ་འགྲིམས་བཞིན་ཡོད་དེ།ལྷག་མའི་དྭ་ཕྲུག169བོ་མངའ་རིས་ས་ཁུལ་དུ་ཁ་ཐོར་ངང་གསོ་སྐྱོང་བྱེད་བཞིན་ཡོད།མངའ་རིས་ས་ཁུལ་དམངས་སྲིད་སྡེ་ཁག་གིས་དུས་ལྟར་དྭ་ཕྲུག་རྣམས་ལ་རོགས་དངུལ་སྟེར་བཞིན་ཡོད་ལ།དོན་དངོས་དང་བསྟུན་པའི་སྒོ་ནས་དྭ་ཕྲུག་གི་གཞི་རྩའི་འཚོ་བར་ཁག་ཐེག་བྱས།ཤེས་རྟོགས་བྱུང་བ་ལྟར་ན།མངའ་རིས་ས་ཁུལ་གྱིས་བྱིས་པའི་ཕན་བདེ་ཁང་འཛུགས་སྐྲུན་རྣམ་གྲངས་ཐད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་ཁྲི2052བཏང་བ་དང་། འཆར་གཞི་ལྟར་ན་ཉལ་ཁྲི171བཀོད་སྒྲིག་བྱ་རྒྱུ་དང་། རགས་རྩིས་ལྟར་ན་མ་དངུལ་སྒོར་ཁྲི2109.49གཏོང་དགོས་ཤིང་།གཞི་ཁྱོན་སྨི་གྲུ་བཞི་མ11200ཟིན།མིག་སྔར་ལས་གཞིའི་གྲ་སྒྲིག་བྱ་བ་རང་སྐྱོང་ལྗོངས་དམངས་སྲིད་ཐིན་གྱིས་ཞིབ་བཤེར་བྱས་པ་བརྒྱུད་དེ་ཆོག་མཆན་ཐོབ་པས།ཚོད་རྩིས་ལྟར་ན2014ལོའི་ཟླ6པར་དམིགས་འགུགས་དམིགས་འཇོག་སོགས་ཀྱི་བྱ་བ་ལེགས་འགྲུབ་འབྱུང་རྒྱུ་ཡིན་ལ།ཟླ6པར་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་རྒྱུ་རེད།འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་རྗེས་དངོས་སུ་བེད་སྤྱོད་བྱེད་པའི་དུས་དེར།མངའ་རིས་ས་ཁུལ་གྱི་དྭ་ཕྲུག་ཕྱོགས་བསྡུས་ངང་གསོ་སྐྱོང་བྱེད་ཚད100%ལ་སླེབས་རྒྱུ་རེད། །