མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་གཙང་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ།
བན་དེ་སྐྱབས། མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-02-28
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་གཙང་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་ཚོགས་འདུ་ཐེངས་གཉིས་པ། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་ནས། 2014ལོར་སྲིད་གཞུང་ཁོངས་གཏོགས་ཀྱི་རུལ་སུངས་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བྱ་བར་བཀོད་སྒྲིག་ལེགས་པོ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་ཚོགས་འདུའི་སྟེང་དུ་གཏམ་བཤད་གལ་ཆེན་སྤེལ་ཏེ། གནད་དོན་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་བཏང་ནས། རུལ་སུངས་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་ཁྲོད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་ནན་མོ་བྱས་ཏེ། སྤྱོད་གཙང་གི་སྲིད་གཞུང་འཛུགས་སྐྲུན་ཐད་ནས་གོམ་སྟབས་སྔར་ལས་ཆེན་པོ་སྤོ་དགོས་ཞེས་ནན་གྱིས་བསྟན།
ལོ་ཡིས་ལིན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། རྡོ་རྗེ་རབ་བརྟན་དང་ཝང་ཞའོ། མཱ་ཧྲུན་ཆིན། ཀྲང་ཅན་མེན། ལིག་ཀྲི་ཆང་། ཡན་ཅིན་ཧེ། ཁྲིན་ལིས་ཧྭ། ཞིན་གོ་པེན། ཁོང་ཡུང་བཅས་ཚོགས་འདུར་ཞུགས།
ཧའོ་ཕིན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། བཅོས་སྒྱུར་དང་གསར་སྐྲུན་གྱི་སྙིང་སྟོབས་བཅངས་ཏེ་རུལ་སུངས་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བྱ་བ་རྒྱུན་འཁྱོངས་བྱེད་དགོས་ཏེ། གཅིག ཀུན་སྤྱོད་འཛུགས་སྐྲུན་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། གཉིས། འགྲོ་ལུགས་སྟབས་བདེར་གཏོང་བ་དང་དབང་ཆ་མར་སྤྲོད་པའི་བྱ་བ་ཧུར་ཐག་གིས་སྤེལ་དགོས། གསུམ། སྤྱི་པའི་ཐོན་ཁུངས་སྒྲིག་བཀོད་ཀྱི་ཁྲོམ་ར་ཅན་ཕྱོགས་ཡོངས་ནས་སྤེལ་དགོས། བཞི། སྲིད་དོན་ཡོངས་སྒྲོག་གཏིང་ཟབ་ཏུ་སྤེལ་དགོས། ལྔ། ནོར་སྲིད་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱེད་དགོས། དྲུག རུལ་སུངས་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་ལམ་ལུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན།
ཧའོ་ཕིན་གྱིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་དངོས་འབེབ་ནན་མོ་བྱེད་པ། ཁྲིམས་འགལ་ལུགས་འགལ་གྱི་གྱོད་དོན་སྣ་ཚོགས་ལ་རྩད་གཅོད་ནན་མོ་བྱེད་པ་བཅས་བྱས་ཏེ་ལོ་འདིའི་དམིགས་འབེན་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན། །