བོད་ལྗོངས་ཀྱིས་མཐོ་གྲང་འགོག་ཐུབ་པའི་སྤུས་བཟང་གཟན་རྩྭ་ཚོ་གཅིག་ལེགས་འདེགས་བྱས་ཏེ་སྐྱེས་ཁམས་ལེགས་བཅོས་ཡོང་བར་སྐུལ་འདེད་གཏོང་།
ཀུན་དགས་བསྒྱུར། 2014-02-17
ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ1ཚེས9ཉིན་འབྱོར་བའི་གཏམ་གསར། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། ལོ་གསུམ་རིང་གི་འབད་བརྩོན་བྱས་པར་བརྒྱུད་བོད་ལྗོངས་ཀྱིས་རིགས་གསར་པའི་གཟན་རྩྭ་ཚོ་གཅིག་ལེགས་འདེགས་བྱས་ཡོད་པ་རེད། དེས་བོད་ལྗོངས་ཀྱི་གཟན་རྩྭ་ལས་རིགས་འཕེལ་རྒྱས་གཏོང་བ་དང་རྩྭ་ཐང་ཞན་འགྱུར་ལ་བཅོས་སྐྱོང་བྱེད་པ། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་རེད།
ངོ་སྤྲོད་བྱས་པར་བལྟས་ན། རིགས་གསར་པའི་གཟན་རྩྭ་འདི་དག་གིས་བོད་ལྗོངས་རང་སའི་སྔར་ནས་ཡོད་པའི་གཟན་རྩྭའི་གཞི་རྐྱེན་སོར་ཉར་བྱས་ཡོད་པ་དང་། གྲང་འགོག་ཐན་འགོག་གི་རང་བཞིན་ཅུང་མཐོ་བས་མཐོ་གྲང་གི་ཁོར་ཡུག་ཏུ་སོན་འདེབས་འོས་པའི་སྤུས་བཟང་དང་ཐོན་ཚད་མཐོན་པོའི་གཟན་རྩྭ་ཞིག་རེད། འདུལ་གསོ་བྱས་རྗེས་ཀྱི་རིགས་གསར་པའི་གཟན་རྩྭ་དེ་སྔོན་རྩིས་བྱས་ན། ལོ3གྱི་ནང་ཚུན་དུ་གཟན་རྩྭ་ས་བོན་གྱི་འདེབས་རྒྱ་མུའུ1000རྒྱ་སྐྱེད་གཏོང་ཐུབ་པ་དང་ལོ5ཡི་ནང་ཚུན་དུ་ས་བོན་ས་ཞིང་གི་འདེབས་རྒྱ་མུའུ་ཁྲི་གཅིག་ལ་སླེབས་ཐུབ་རྒྱུ་རེད། དེང་སྐབས་སུ་ལོ་རེར་མུའུ་ཁྲི10ཡན་ཆད་ཀྱི་གཟན་རྩྭ་འདེབས་པའི་ས་བོན་དགོས་མཁོ་སྐོང་ཐུབ་པ་རེད།
བོད་ལྗོངས་ནི་རང་རྒྱལ་གྱི་འབྲོག་ཁུལ་ཆེན་པོ་ལྔའི་ཡ་གྱལ་ཞིག་ཡིན་ཡང་། འོན་ཀྱང་རྩྭ་ཐང་སྐྱེ་ཁམས་ཞན་པ་དང་། དུས་ཡུན་རིང་པོར་སྲོལ་རྒྱུན་གྱི་སྡེབ་བཀྲམ་རྣམ་པའི་ཕྱུགས་འབྲོག་ལས་རིགས་སྤེལ་བའི་རྐྱེན་གྱིས། གྲངས་ཚད་མང་ཙམ་གྱི་རྩྭ་ར་ཞན་དུ་གྱུར་ཏེ་མཐོ་སྒང་སྐྱེ་ཁམས་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བཏང་ཡོད་པ་རེད། སྲིད་གཞུང་གིས་འཚོ་མཚམས་བཞག་པ་དང་ཕྱུགས་ཟོག་གི་གྲངས་ཚད་ཉུང་དུ་གཏོང་བ་དང་འབྲོག་བསྐྱུར་རྩྭ་འདེབས་བཅས་ཀྱི་ལས་ཀ་སྤེལ་བ་ཕུད། གཟན་རྩྭའི་རིགས་ལེགས་བཅོས་བྱ་རྒྱུ་ནི་ཚན་རིག་ཞིབ་འཇུག་མི་སྣས་ལས་དགོས་པའི་རིན་ཐང་ཆེན་པོ་ལྡན་པའི་ལས་ཀ་ཞིག་ཡིན་པ་རེད།