མེ་སྐྱོན་ཁྲོད་གནའ་བོའི་རྩིག་བཟོས་ལ་གནོད་སྐྱོན་ཐེབས་ཚད་ཆུང་བ་དང་རྡོ་མཁར་རྫོང་ལ་སླར་གསོ་བསྐྱར་སྐྲུན་གྱི་རེ་སྒུག་བྱེད་ཡོད།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ 2014-01-22
ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་དུ་མེ་སྐྱོན་བྱུང་རྗེས།སྔར་ལས་ལྷག་པར་མེ་སྐྱོན་གྱིས་གནའ་གྲོང་གི་རིག་རྫས་རྩིག་བཟོས་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་རྒྱུས་ལོན་བྱུང་ཆེད།གསར་འགོད་པས་བདེ་ཆེན་ཁུལ་རིག་གནས་ཅུས་ཀྱི་ཅུས་ཀྲང་ཝང་ཚུང་མིང་ལ་ཆེད་དོན་བཅར་འདྲི་བྱས་པ་རེད།
གསར་འགོད་པས།སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་དུ་མེ་སྐྱོན་བྱུང་རྗེས།སྨྱན་བྱད་འགའ་ཤས་ཀྱིས“ལོ་ངོ་སྟོང་གི་གནའ་གྲོང་ནི་མེ་སྐྱོན་ཚབས་ཆེན་གྱིས་གཏོར་བརླག་གཏོང་བ”སོགས་ཁ་བྱང་དུ་གྱུར་ནས་འགོད་པའམ་སྤེལ་གཏོང་བྱས་ཏེ།སྤྱི་ཚོགས་ཀྱིས་གནའ་གྲོང་གི་རིག་རྫས་རྩིག་བཟོས་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་ལ་དོ་ཁུར་བྱས་པ་རེད།ཁྱོད་ཀྱིས་ང་ཚོ་ལ་ཕྱོགས་འདིའི་གནས་ཚུལ་མཚམས་སྦྱོར་བྱེད་རོགས་གནང་།
ཝང་ཚུང་མིང་གིས།རིག་རྫས་སྡེ་ཁག་གི་འབོར་ཐེངས་གཉིས་པའི་གནས་སྤོ་མི་ཐུབ་པའི་རིག་རྫས་ཡོངས་བཤེར་གྱི་གྲུབ་འབྲས་ཀྱིས་མཚོན་དོན།རྡོ་མཁར་རྫོང་དུ་ལོ་རབས་མང་པོ་ལྡན་པའི་རྩིག་བཟོས་ཁག16ཡོད།དེའི་ནང་ཆེས་རྙིང་བ་ནི་ཞིང་ཆེན་རིམ་པའི་རིག་རྫས་སྲུང་སྐྱོང་སྡེ་ཚན་ཏེ་ད་ལྟའི་བར་ལོ380ཡི་ལོ་རྒྱུས་ལྡན་པའི“རྒྱལ་ཐང་ཨ་བུའི་ཁྱིམ་རྙིང་”ཡིན།དེ་ལས་རྩིག་བཟོས་གཞན15ནི་ཆིང་རྒྱལ་རབས་དང་མི་སེར་རྒྱལ་ཁབ་ཀྱི་སྐབས་སུ་བཟོས་པ་རེད།ད་ལྟ་ཚང་མས་གོ་རྟོགས་བྱུང་བའི་རྡོ་མཁར་རྫོང་གི་རགས་དབྱིབས་ནི་དུས་རབས་20པའི་ལོ་རབས20རུ་ཆགས་པ་རེད།ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་།རྡོ་མཁར་རྫོང་གིས་ཡུལ་སྐོར་གསར་འབྱེད་བྱེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས།རྩིག་བཟོས་འགའ་ཤས་ནི་དུས་མཇུག་ཏུ་རིམ་བཞིན་གསར་འཛུགས་བྱས་ནས་གྲུབ་པ་ཡིན་པས།མེ་སྐྱོན་གྱི་ཁྲོད་དུ་གནའ་བོའི་རྩིག་བཟོས་ལ་གནོད་སྐྱོན་ཐེབས་ཚད་ཆུང་བ་རེད།
གནང་གྲོང་ནང་རྒྱལ་ཁབ་རིམ་པའི་རིག་རྫས་སྲུང་སྐྱོང་སྡེ་ཚན1དང་།ཞིང་ཆེན་རིམ་པའི་རིག་རྫས་སྲུང་སྐྱོང་སྡེ་ཚན1 ཁུལ་རིམ་པའི་རིག་རྫས་སྲུང་སྐྱོང་སྡེ་ཚན2 རྫོང་རིམ་པའི་གནས་སྤོ་མི་ཐུབ་པའི་རིག་རྫས་སྲུང་སྐྱོང་སྡེ་ཚན16ཡོད།མེ་སྐྱོན་བྱུང་རྗེས།མེ་གསོད་དཔོན་དམག་དང་ལས་བྱེད་པ།མང་ཚོགས་སོགས་ཀྱིས་སྟོབས་ཤུགས་གང་ཡོད་བཏོན་ནས་མྱུར་སྐྱོབ་བྱས་པའི་འོགགནའ་གྲོང་ནང་གི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྡེ་ཚན་གཅིག་པུ་སྟེ“ཤོག་པའི་སྤྱི་ཁང་”ཆ་ཚང་སྐྱོན་མེད་ཡིན་ཞིང་།རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྡེ་ཚན་གཅིག་པུ་ཡིན་པའི“རྒྱལ་ཐང་ཨ་བུའི་ཁྱིམ་རྙིང་”སྲུང་སྐྱོང་རང་བཞིན་གྱི་གཤིག་པ་དང་།ཁྱིམ་རྙིང་གི80% ཡས་མས་སོར་ཉར་བྱས་ཐུབ་སྟེ།མགྱོགས་པོར་བསྐྱར་སྐྲུན་སླར་གསོ་བྱེད་ཐུབ་རྒྱུ་རེད།ཁུལ་རིམ་པའི་རིག་རྫས་སྲུང་སྐྱོང་སྡེ་ཚན“ཅིན་ལུང་ཁྲོམ་ལམ་གྱི་རྩིག་བཟོས་ཚོ”སོགས་གནད་ཆེའི་རིག་རྫས་སྲུང་སྐྱོང་སྡེ་ཚན་ཚང་མ་སོར་ཉར་བྱེད་ཐུབ་པ།ཐེངས་འདིའི་མེ་སྐྱོན་གྱི་ཁྲོད་དུ།གཏོར་བརླག་ཐེབས་པའི་རིག་རྫས་ལས་ཁུལ་རིམ་པའི་སྡེ་ཚན1ཡོད་པ་སྟེ“ཀྲུའུ་ཅི་ཚོང་ཁང་”ཡིན།རྫོང་རིམ་པའི་གནས་སྤོ་མི་ཐུབ་པའི་རིག་རྫས་སྲུང་སྐྱོང་སྡེ་ཚན5ཡོད།གཏོར་བརླག་ཐེབས་པའི་རིག་རྫས་ཀྱི་རྒྱ་ཁྱོན་མུའུ2.92ཟིན་ཞིང་།མེ་སྐྱོན་ཐེབས་པའི་རྒྱ་ཁྱོན་གྱི3%ཟིན་པ་དང་།སྤྱིའི་གཏོར་བརླག་ཐེབས་པའི་རྩིག་བཟོས་རྒྱ་ཁྱོན་གྱི3.7%ཟིན་པ་རེད།
གསར་འགོད་པས།ད་ལྟ་ཁྱོད་ཀྱིས་ཞིབ་ཕྲའི་ངང་རིག་རྫས་རྩིག་བཟོས་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་མཚམས་སྦྱོར་བྱས་ཚར།རྩིག་བཟོས་དེ་ལས་གཞན།ད་དུང་གཏོར་བརླག་ཐེབས་པའི་རིག་རྫས་གཞན་པ་ཡོད་མེད་མཚམས་སྦྱོར་བྱེད་རོགས་གནང་།དཔེ་ན་སྨྱན་བྱད་འགའ་ཤས་ཀྱིས་བཏོན་པའི་ཐང་ག་སོགས་ཡོད་མེད་མཚམས་སྦྱོར་བྱེད་རོགས་གནང་།
ཝང་ཚུང་མིང་གིས།མིག་སྔའི་གནས་ཚུལ་ལ་གཞིགས་ན།མེ་སྐྱོན་ཚབས་ཆེན་གྱིས་མི་སྒེར་གྱིས་བསྡུ་ཉར་བྱེད་པའི་རིག་རྫས་དང་སྒྱུ་རྩལ་ཐོན་རྫས།བཟོ་རྩལ་གྱི་ཐོན་རྫས།ཡུལ་སྐོར་ཚོང་རྫས་ལ་གཏོར་བརླག་ཐེབས་པའི་གནས་ཚུལ་ཡོད།འོད་ཀྱང་རིག་རྫས་ཡིན་མིན་གཏན་ཁེལ་དང་དཔྱད་བསྡུར་གཏན་འབེབས་བྱེད་པ་ནི།རྒྱལ་ཁབཀྱི་《རིག་རྫས་བཅའ་ཁྲིམས》དང་རིག་གནས་པུའུ་ཡི་བཀའ་ཡིག་ཨང་46པའི་《རིག་རྫས་ཀྱི་གཏན་ཁེལ་དང་གནས་སྐབས་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས།ངེས་པར་དུ་འབྲེལ་ཡོད་སྡེ་ཁག་གིས་གོ་རིམ་ལྟར་གཏན་ཁེལ་བྱེད་དགོས།གཏན་ཁེལ་བྱས་པ་མ་གཏོགས་རིག་རྫས་ཟེར་རྒྱུ་མེད།
གསར་འགོད་པས།དྲ་དམངས་འགའ་ཤས་ཀྱིས་སེམས་ཀྱི་ཉི་ཟླ་གནའ་གྲོང་ནི་དྲན་ཤེས་ཤིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།ཁྱོད་ཀྱིས་གནད་དོན་འདི་ལ་ཅི་ལྟར་བསམ་ཡོད།
ཝང་ཚུང་མིང་གིས།ཐེངས་འདིའི་མེ་སྐྱོན་ཚབས་ཆེན་གྱིས་གནའ་གྲོང་ནང་གི་རྩིག་བཟོས་འགར་གཏོར་བརླག་ཐེབས་པས།ང་ཚོ་ཚང་མ་སེམས་ཕངས་བྱུང་།འོད་ཀྱང་འདིས་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་འདི་ཉིད་དྲན་ཤེས་སུ་གྱུར་བར་མཚོན་མེད།རྒྱུ་མཚན་ནི་གནའ་གྲོང་གི་རྩ་བ་ད་དུང་ཡོད་པ་དང་།གནའ་གྲོང་གི་མི་ད་དུང་ཡོད་པ།གནའ་གྲོང་གི་སྙིང་པོ་ད་དུང་ཡོད་པ།གནའ་གྲོང་ནང་གི་མང་ཆེ་བའི་ལོ་རྒྱུས་ཐོག་གི་རྩིག་བཟོས་ད་དུང་སོར་ཉར་བྱས་ཡོད་པས།ང་ཚོ་ཚང་མ་ལ་གནའ་གྲོང་སླར་གསོ་བསྐྱར་སྐྲུན་བྱས་ནས་སྔར་ལས་ལེགས་པོར་འགྱུར་བའི་ཆོད་སེམས་ཡོད།གནོད་སྐྱོན་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལས་ཀར་སྐུལ་འདེད་གཏོང་བ་དང་བསྟུན་ནས།གནའ་གྲོང་གི་དེ་སྔའི་བརྗིད་ཉམས་བསྐྱར་ཐོན་བྱུང་ཐུབ་རྒྱུ་རེད། །