ལི་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-01-10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཟླ་དང་པོའི་ཚེས8ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་སྲིད་འཛིན་ཆོག་མཆན་ལམ་ལུགས་བཅོས་བསྒྱུར་ཐད་ཀྱི་བྱེད་ཐབས་གསུམ་སྔར་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཐག་བཅད་པར་མ་ཟད། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་པ་དང་ཁེ་ལས་ཀྱི་ལས་བྲལ་ངལ་གསོའི་མི་སྣའི་གཞི་རྩའི་རྒན་གསོའི་མ་དངུལ་མཐོར་འདེགས་སུ་གཏོང་བའི་བྱ་བ་བཟང་བོར་སྒྲུབ་པར་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་བསྟན་དོན། ད་ལོར་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་རེ་བ་ལྟར། སྲིད་གཞུང་གི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་དགོས་ཟེར། གྲོས་ཚོགས་སྟེང་སྲིད་འཛིན་ཆོག་མཆན་ལམ་ལུགས་བཅོས་བསྒྱུར་ཐད་ཀྱི་བྱེད་ཐབས་གསུམ་སྔར་ལས་གཏིང་ཟབ་ཏུ་སྤེལ་རྒྱུའི་ཐག་བཅད་པ་སྟེ། གཅིག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སོ་སོའི་སྲིད་འཛིན་ཆོག་མཆན་ལས་དོན་ཡོངས་བསྒྲགས་བྱས་ནས། ཚད་ལྡན་དོ་དམ་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ལྟ་སྐུལ་དང་ལེན་བྱེད་དགོས་པ་དང་། གཉིས་ནས་ལས་ཁུངས་སོ་སོའི་སྲིད་འཛིན་མིན་པའི་ཆོག་མཆན་ལས་དོན་རིམ་བཞིན་མེད་པར་གཏོང་དགོས། གསུམ་ནས་ན་ནིང་སྔ་གཞུག་ཏུ་ཐེངས་གསུམ་ལ་མེད་པར་བཏང་བ་དང་མར་སྤྲད་པའི་སྲིད་འཛིན་ཆོག་མཆན་ལས་དོན་གྱི་རྨང་གཞིའི་སྟེང་། ཐོན་སྐྱེད་བདག་གཉེར་ཁྱབ་ཁོངས་ལ་གཙོ་བོར་དམིགས་ཏེ། ཞིང་ཆེན་བར་གྱི་ཆུ་ལམ་ནས་དངོས་བོ་སྐྱེལ་འདྲེན་སོགས་ཆོག་མཆན་ལས་དོན་བདུན་ཅུ་ཡང་བསྐྱར་མེད་པར་གཏོང་བ་དང་མར་སྤྲད་དེ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་བ་དེ་མུ་མཐུད་དུ་བཅོས་བསྒྱུར་གྱི་འགུལ་སྐྱོད་དུ་བསྒྱུར་དགོས་ཟེར།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱས་ནས། ཁེ་ལས་ཀྱི་ལས་བྲལ་ངལ་གསོའི་མི་སྣར་སྤྲོ་སྐྱིད་ངང་ཚེ་མཇུག་གི་འཚོ་བ་རོལ་དུ་འཇུག་རྒྱུ་ནི་དམངས་འཚོ་ཇེ་ལེགས་སུ་གཏོང་བའི་ནང་དོན་གཙོ་བོ་ཞིག་རེད། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་རྒྱུ་དེ་སྤྱི་ཚོགས་རྒུད་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ་དང་ཟུང་འབྲེལ་བྱས་ནས། ཁ་གསབ་རྒུད་སྐྱོབ་བྱེད་ཐབས་དང་མ་དངུལ་ལེགས་སྒྲིག་བྱས་ནས། མ་མཐའི་འཚོ་བའི་འགན་སྲུང་དང་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་སྔ་སྣུར་གྱིས་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་དང་གཟིགས་སྐྱོང་རྒུད་སྐྱོབ། དགུན་དཔྱིད་དུས་ཀྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བར་རོགས་སྐྱོར་བྱེད་པ་བཅས་ཐད་ལ་མ་དངུལ་སྒོར་ཐེར་ཆེན་དགུ་དང་ཐེར་འབུམ་བརྒྱད་དུང་ཕྱུར་གསུམ་བཏང་བ་དང། ས་གནས་ཀྱི་རིམ་པ་སོ་སོའི་ནོར་སྲིད་ཀྱིས་དེའི་ཐད་ཀྱི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་ནས། མ་དངུལ་དུས་ཐོག་ཏུ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ལག་ཏུ་འབྱོར་བར་ཁག་ཐེག་བྱེད་དགོས་ཟེར།
དེ་དང་མཉམ་དུ་གྲོས་ཚོགས་སྟེང2014ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ཁེ་ལས་ཀྱི་ལས་བྲལ་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་མ་དངུལ་གྱི་ཆུ་ཚད་ཡང་བསྐྱར་བརྒྱ་ཆའི་བཅུར་མཐོར་འདེགས་སུ་གཏོང་རྒྱུ་དང་། དམིགས་བསལ་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ལ་འོས་འཚམ་སྒོས་གཟིགས་སྐྱོང་བྱེད་རྒྱུ་ཐག་བཅད། རྒྱལ་ཡོངས་ཁེ་ལས་ཀྱི་ལས་བྲལ་ངལ་གསོའི་མི་སྣ་བྱེ་བ་བདུན་དང་ས་ཡ་བཞི་ལྷག་ལ་དེའི་ཐད་ནས་ཁེ་ཕན་ཐོབ་ཐུབ། གོ་རིམ་རྗེས་མར་རྒན་གསོའི་ཉེན་ཚབ་སོགས་ཀྱི་ལམ་ལུགས་བཅོས་བསྒྱུར་བྱས་ཏེ། ཁེ་ལས་ཀྱི་ལས་བྲལ་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་མ་དངུལ་རྒྱུན་ལྡན་གྱི་ལེགས་སྒྲིག་ལམ་ལུགས་རིམ་བཞིན་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་རེད།

  • ལེ་ཚན་སྔོན་མ།:ཀྲང་ཀའོ་ལེ་ཡིས་ཁྱབ་བཤེར་བྱ་བ་བཟང་བོར་བསྒྲུབ་སྟེ་ཡིད་ཆེས་ཆོག་པའི་གཞི་གྲངས་ངོ་མ་ཡིན་པར་ཁག་ཐེག་བྱེད་དགོ
  • ལེ་ཚན་རྗེས་མ།:པུར་ཀ་རི་ཡའི་ཙུང་ཐུང་གིས་ཀྲུང་གོར་འཚམས་འདྲི་བྱེད་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།