པེ་ཅིན་དང་མཚོ་སྔོན་གྱིས་ཁ་གཏད་རོགས་སྐྱོར་བཞུགས་མོལ་ཚོགས་འདུ་བསྡུས་པ།

    མཚོ་སྔོན་གསར་འགྱུར་དྲ་བ།    2014-01-03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས9ཉིན། པེ་ཅིན་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བཞུགས་མོལ་ཚོགས་འདུ་དེ་པེ་ཅིན་དུ་བསྡུས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཀའོ་ཅིན་ལུང་གིས་མགོ་འཛིན་མཛད་པ་མ་ཟད་གཏམ་བཤད་གལ་ཆེན་གནང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་རྒྱུན་རྒྱུ་ལྷན་ཚོགས་ཀྱི་ཀྲུའུ་རིན་ལའོ་ཧུའེ་ཉིན་གྱིས་གཏམ་བཤད་པ་དང་། པེ་ཅིན་གྲོང་ཁྱེར་གྱི་མགོ་ཁྲིད་ཝང་ཨན་ཧྲིན། ལིས་ཧྲི་ཞང་། ཀྲའོ་ཧྥིན་ཐུང་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཧི་ཕིན་དང་ཝང་ཞའོ་ཆིན་བཅས་ཚོགས་འདུར་ཞུགས།
ཀའོ་ཅིན་ལུང་གིས་བཤད་རྒྱུར། ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བ་ནི་ཀྲུང་དབྱང་གིས་ཐག་བཅད་པའི་འཐབ་ཇུས་ཐག་གཅོད་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་གལ་ཆེན་ཞིག་ཡིན། པེ་ཅིན་གྲོང་ཁྱེར་གྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལ་གཞིགས་ཏེ། ནན་ཏན་སྒོས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་འགན་སྣ་ཚོགས་དངོས་འབེབས་ལེགས་པོ་བྱས་ཏེ། ཤུགས་ཆེན་པོས་ཡུས་ཧྲུའུ་བསྐྱར་འཛུགས་མཇུག་བསྡུའི་བྱ་བ་ལེགས་པོར་སྒྲུབ་པའི་དུས་མཚུངས་སུ་རོགས་འཛུགས་བྱ་བ་དང་ཁ་གཏད་རོགས་སྐྱོར་བྱ་བ་གཉིས་འབྲེལ་མཐུད་བྱེད་པ་ལེགས་པོར་སྒྲུབ་ནས། མཉམ་ལས་གྲོས་མཐུན་དངོས་འབེབས་བྱས་ཏེ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་སྔར་ལས་མང་བའི་བྱས་རྗེས་འཇོག་དགོས་པར་བསྟན། ཁོས་པེ་ཅིན་དང་མཚོ་སྔོན་གཉིས་ཀྱིས་རང་རང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དངོས་གནས་རྒྱལ་སའི་ཚན་རྩལ་དང་ཤེས་རིག འཇོན་མི་སོགས་ཀྱི་ཐོན་ཁུངས་དང་མཚོ་སྔོན་གྱི་ནུས་ཁུངས་ཐོན་ཁུངས། ཞིང་ཕྱུགས་ལས་སོགས་ཀྱི་ལེགས་ཆ་བཅས་ཕན་ནུས་ལྡན་པའི་སྒོ་ནས་ཟུང་སྦྲེལ་བྱེད་པ་དང་། རིག་གནས་དང་སློབ་གསོ། དཔལ་འབྱོར། ནུས་ཁུངས། གནས་སྐོར་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཕན་ཚུན་ལ་ཕན་ཁེ་བསྐྲུན་པ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན།
ལའོ་ཧུའེ་ཉིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ཏེ་པེ་ཅིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། རྒྱལ་སའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཐག་གཅོད་བྱས་པའི་ཚུན། པེ་ཅིན་གྲོང་ཁྱེར་གྱིས་ཡུས་ཧྲུའུ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འགན་ཁུར་ཕྲག་ཏུ་བླངས་ཏེ་མཚོ་སྔོན་ལ་མ་དངུལ་དངོས་འབེབས་དང་ལམ་ལུགས་འཛུགས་པ། སྒྲིག་གཞི་འཆར་འགོད། ལས་བྱེད་པ་མངགས་གཏོང་། ལས་གཞི་དངོས་འབེབས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བཅས་ཀྱི་བྱ་བ་བརྟན་བརླིང་ངང་སྤེལ་བར་སྐུལ་ཁྲིད་བྱས། ལྷག་པར་དུ་ཡུས་ཧྲུའུ་ལ་ས་འགུལ་བྱུང་རྗེས། པེ་ཅིན་གྲོང་ཁྱེར་གྱིསས་གནོད་འགོག་རྒུད་སྐྱོབ་དང་སླར་གསོ་བསྐྱར་འཛུགས་ཁྲོད་དམིགས་བསལ་གྱིས་ནུས་པ་གལ་ཆེན་བཏོན་པས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་གཞི་ཆེན་མོའི་དྲོད་འཁོལ་ལ་རོལ་མྱོང་བྱས། ཁོས་བཤད་རྒྱུར། ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་དང་བསྟུན། པེ་ཅིན་གྲོང་ཁྱེར་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཡུས་ཧྲུའུ་ཡི་ཤེས་རིག་དང་ལག་རྩལ། འཇོན་མི་བཅས་ལ་རོགས་སྐྱོར་བྱེད་པར་དོ་སྣང་བྱས་ནས། སྤྱི་བའི་ཞབས་ཞུ་ཆུ་ཚད་དང་སྤྱི་ཚོགས་དོ་དམ་ནུས་པ་མཐོར་འདེགས་སུ་གཏོང་བར་རོགས་སྐྱོར་བྱེད་དགོས་པའི་བསམ་ཚུལ་བཏོན། ཁོས་པེ་ཅིན་དང་མཚོ་སྔོན་ས་ཁུལ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་ཉོ་ཚོང་གི་ཕྱོགས་ནས་འགྲོ་འོང་བྱེད་པ་རྒྱ་ཇེ་ཆེར་བཏང་སྟེ་མཉམ་ལས་བྱ་བར་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་ཐུབ་པའི་རེ་བ་བཏོན།
ཝང་ཧྲིན་ཨན་དང་ཧི་ཕིན་གཉིས་ཀྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཐད་ནས་བསམ་ཚུལ་བཏོན།  །

  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས2013ལོར་མ་དངུལ་སྒོར་དུང་ཕྱུར1བཏང་ནས་སློབ་ཞུགས་སྔོན་གྱི་སློབ་གསོར་སྐུལ་འདེད་བྱས་པ།
  • ལེ་ཚན་རྗེས་མ།:《ཀན་ལྷོའི་མཛའ་གཞས》ཞེས་པ་ཀྲུང་གོའི་ཕུགས་བསམ་གྱི་གློག་བརྙན་གསར་པའི་འགྲེམ་གཏོང་དུ་ཚུད་པ།
  • དོ་སྣང་ཆེ་བའི་རྩོམ།