བཀྲ་འདུལ། ཀྲུང་གོའི་བོད་ལྗོངས་དྲ་བ། 2013-11-25
《གླིང་གེ་སར་རྒྱལ་པོའི་སྒྲུང》ནི་བོད་མི་རིགས་ཀྱིས་བསྐྲུན་པའི་རླབས་ཆེ་བའི་དཔའ་བོའི་སྙན་རྩོམ་རིང་མོ་ཞིག་ཡིན་ལ། དེའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་གཏམ་རྒྱུད་ཀྱི་རྫོངས་མཐུག་ལ་གནའ་བོའི་བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན། སྤྱི་ལོ1983ལོར་རྒྱལ་ཁབ་ཀྱིས་ལོ་རྒྱས་སྙན་རྩོམ་རིང་མོ«གླིང་གེ་སར་རྒྱལ་པོའི་སྒྲུང»འཚོལ་བསྡུ་ལེགས་སྒྲིག་བྱེད་པ་དེ་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་གཙོ་བོར་བཞག སྤྱི་ལོ2013ལོའི་ཟླ8པའི་ཟླ་མཇུག་ཏུ་རིག་གནས་པ་དང་ཞིབ་འཇུག་པ་མི་རབས་འགའ་ཡིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས། བོད་ཡིག་གི《གླིང་སྒྲུང་གཅེས་བཏུས》(པོད40)ལེགས་སྒྲིག་པར་སྐྲུན་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་ཞིང་། དུས་ཡུན་ཏག་ཏག་ལོ་ངོ30འགོར་ཡོད་པ་རེད།
པེ་ཅིང་གི་དགུན་འགོའི་ཕྱི་དྲོ་ཞིག་ལ་གསར་འགོད་པ་ཀྲུང་གོའི་སྤྱི་ཚོགས་དང་ཚན་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོ་སྡོད་ཡུལ་དུ་སླེབས་སྐབས་ཁོང་དགའ་སྤྲོ་རྒྱས་ཤིང་། ལུས་ལ་སྟོད་གོས་དམར་པོ་ཞིག་གྱོན་པ་དང་མགོ་ལ་དབུ་སྐྲ་དཀར་པོ་མང་ཡང་གདོང་ལ་རྣམ་རིག་གིས་ཁེངས་ཡོད་པ་རེད། གླིང་སྒྲུང་གཅེས་བཏུས་ཀྱི་ལས་གཞིའི་འགན་ཁུར་མི་སྣ་དང་གཙོ་སྒྲིག་པ་ཡིན་པའི་ཆ་ནས། ཁོང་གིས“འདི་ནི་རང་རྒྱལ་གྱི«གླིང་གེ་སར་རྒྱལ་པོའི་སྒྲུང»གི་ལས་དོན་ཐད་ནས་རྡོ་རིངས་ལྟ་བུའི་དོན་སྙིང་ལྡན་པའི་གྲུབ་འབྲས་ཤིག་ཡིན་ལ། དེ་ནི་ཀྲུང་ཧྭ་མི་རིགས་ཐུན་མོང་གི་རིག་གནས་ཀྱི་རྒྱུ་ནོར་དང་བསམ་པའི་ལོངས་སྤྱོད་ཡིན”ཞེས་ཟེར།
ནང་དོན་གཅེས་བཏུས་ཀྱིས་ལེགས་སྒྲིག་བྱས།
གླིང་སྒྲུང་གཅེས་བཏུས་དེར་བསྡོམས་པས་པོད40ཡོད་དང་དེབ51(པོད་ལ་ལར་སྟོད་ཆ་དང་སྨན་ཆ། ཡང་ན་སྟོད་ཆ་དང་བར་ཆ། སྨད་ཆ་གསུམ་ཡོད)ཡོད་ལ། བར་བཅུག་རི་མོ༣༠༦ཡོད་པ་དང་སྙན་ཚིག་རྐང་བ་ཁྲི60ཙམ་ཡོད་ཅིང་། གལ་ཏེ་རྒྱ་ཡིག་ཏུ་བསྒྱུར་ན་ཕལ་ཆེར་ཡིག་འབྲུ་ཁྲི2000ཙམ་ཡོད། དེབ་ཀྱི་ཁ་གྲངས་དང་ཡིག་གྲངས་གཉིས་ཀྱི་ཆ་ནས་སྔོན་གྱི་འཆར་གཞི་ལས་བརྒལ་ཡོད་པ་རེད།
《གླིང་གེ་སར་རྒྱལ་པོའི་སྒྲུང》ནི་འཛམ་གླིང་སྟེང་གི་དཔའ་བོའི་སྙམ་རྩོམ་ཆེས་རིང་ཤོས་དེ་ཡིན་ལ། དེར་པོད120ལྷག་དང་སྙན་ཚིག་ཕྲེང་ཤར་ཁྲི1100ལྷག ཡིག་གྲངས་ཁྲི3000ལྷག་ཡོད་ཅིང་། རིང་ཐུང་ཁོ་ནས་ཆ་ནས་ཀྱང་གནའ་བོའི་པཱ་པི་ལིན་གྱི་ལོ་རྒྱུས་སྙན་རྩོམ《ཅི་ཨེར་ཀུའུ་མའེ་ཧྲི》དང་། གནའ་བོའི་ཀེ་རི་སིའི《དབྱི་ལི་ཡ་ཐེ》དང《ཨོ་ཏི་སེ》 གནའ་བོའི་རྒྱ་གར་གྱི《མ་ཧཱ་བྷ་ར་ཏའི་གཏམ་རྒྱུད》དང《མ་ཧ་ཡ་ཎའི་གཏམ་རྒྱུད》བཅས་ཀྱི་སྤྱི་སྡོམ་ལས་ཀྱང་རིང་པ་རེད།
དེང་སང་དམངས་ཁྲོད་དུ་དངོས་སུ་པར་སྐྲུན་བྱས་པའི《གླིང་གེ་སར་རྒྱལ་པོའི་སྒྲུང》པོད300ལྷག་ཡོད་ཅིང་། སྔོན་དུས་ནས་བརྒྱུད་འོང་པའི་ལག་བྲིས་མ་དང་ཤིང་པར་མ། དེ་མིན་དམངས་ཁྲོད་ཀྱི་སྒྲུང་བའི་གྱེར་བ་གང་ཡིན་ཡང་། གཏམ་རྒྱུད་གཅིག་འདྲ་ལ་བཤད་སྟངས་མི་འདྲ་བ་ཁ་ཤས་ཡོད་པ་རེད། དེ་དག་སོ་སོར་རང་གི་ཁྱད་ཆོས་ལྡན་ཞིང་ས་གནས་ཀྱི་ཁྱད་ཆོས་དང་གྱེར་བཤད་བྱེད་སྟངས་མི་འདྲ་བ་ལྡན། དམངས་ཁྲོད་ཀྱི་སྒྲུང་བ་རང་གི་བཤད་ཚུལ་ལྟར་ན། དཔའ་བོ་གེ་སར་རྒྱལ་པོའི་གཏམ་རྒྱུད་ནི་རྟ་སྤུ་བཞིན་ཤིན་ཏུ་མང་པ་རེད་ཟེར།
འཇམ་དཔལ་རྒྱ་མཚོས་བཤད་རྒྱུར། པར་གཞི་མི་འདྲ་བ་དེ་དག་གིས་མ་ལག་ལྡན་པའི་སྒོ་ནས་ལོ་རྒྱུས་སྙན་རྩོམ་འདི་ཡོངས་སུ་མཚོན་མི་ཐུབ་ཅིང་། ཀློག་མཁན་ཚོས་ཀྱང་དེའི་ནང་དོན་ཆ་ཚང་བར་རྒྱུས་ལོན་མི་ཐུབ་ལ། དེ་དང་དུས་མཚུངས་སུ《གླིང་གེ་སར་རྒྱལ་པོའི་སྒྲུང》ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་མང་ཆེ་བས་ལོང་བས་གླིང་ཆེན་ལ་རེག་པ་བཞིན་དུ་ཕྱོགས་གཅིག་ནས་འཚོལ་ཞིབ་བྱེད་པ་མ་གཏོགས། སྤྱིའི་ཆ་ནས་དེ་ལ་ངོས་འཛིན་དང་ཞིབ་འཇུག་བྱེད་མི་ཐུབ་པ་རེད་ཟེར།
འཇམ་དཔལ་རྒྱ་མཚོས“དེ་དག་ནི་ཕྱོགས་ཀུན་ཏུ་འཐོར་བའི་རིན་པོ་ཆེ་བཞིན་རང་རང་སོ་སོའི་ཆ་ནས་བཤད་པ་ཙམ་ལས། གཏམ་རྒྱུད་ཧྲིལ་བོ་གཅིག་ཏུ་ཆགས་ཐུབ་མེད། ང་ཚོས་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་པ་ནི་དེའི་ཕྲེང་ཐག་བཞིན་དེ་དག་གཅིག་ཏུ་སྦྲེལ་ཆེད་ཡིན”ཞེས་ཟེར།
གླིང་སྒྲུང་གཅེས་བཏུས་ཁག་འདིས་དེང་སྐབས་ཆེས་ཕུལ་དུ་བྱུང་བའི་དམངས་ཁྲོད་སྒྱུ་རྩལ་བ་བགྲེས་སོང་གྲགས་པ་དང་བསམ་འགྲུབ་གཉིས་ཀྱིས་གྱེར་བའི་སྒྲུང་གིས་སྒྲིག་གཞི་གཙོ་བོ་བྱེད་པའི་དུས་མཚུངས་སུ། ཕུལ་དུ་བྱུང་བའི་སྒྱུ་རྩལ་བ་གཞན་པའི་གྱེར་བའི་སྒྲུང་ལ་ཟུར་ལྟ་བྱས་ནས། གང་ཐུབ་སྒོས་གྱེར་བའི་སྒྲུང་མི་འདྲ་བ་དང་བརྐོས་མ། བྲིས་མ་བཅས་ཀྱི་དགེ་མཚན་བསྡུས་ཏེ་ལེགས་སྒྲིག་བྱས་པ་རེད། འདི་ལྟར་བྱས་ན་གླིང་སྒྲུང་གཅེས་བཏུས་འདིའི་བསམ་བློའི་ནང་དོན་ཆ་ཚང་ཧྲིལ་བོ་གཅིག་ཡིན་པ་དང་། གྱེར་སྟངས་གཅིག་གྱུར་ཡིན་ཞིང་སྐད་ཆའི་སྒྱུ་རྩལ་མཐུན་སྦྱོར་ཡོང་བ་རེད།
ཡིན་ནའང་། རླབས་ཆེ་བའི་གླིང་སྒྲུང་གཅེས་བཏུས་འདི་འདྲ་ཞིག་ལེགས་སྒྲིག་བྱ་རྒྱུ་ནི་ལས་སླ་མོ་ཞིག་མིན་ཞིང་། འཇམ་དཔལ་རྒྱ་མཚོས་གསར་འགོད་པར་གསོན་ཉམས་ལྡན་པའི་དཔེ་ཞིག་བཞག་པ་སྟེ། བགྲེས་སོང་གྲགས་པ་ལགས་ལྟ་བུར་མཚོན་ན། ཁོང་གིས་མི་ཚེ་འདིར《གླིང་གེ་སར་རྒྱལ་པོའི་སྒྲུང》པོད25དང་། བསྡོམས་པས་སྙན་ཚིག་ཐིག་ཕྲེང་ཁྲི60ཙམ་དང་ཡིག་གྲངས་ཁྲི600ལྷག་གྱེར་ཡོད་པ་རེད།
སྒྲུང་པོད25ཡི་མང་ཉུང་གང་འདྲ་ཞིག་ཡིན་ནམ། དེ་ནི་ཀེ་རི་སིའི་ཧི་མ་ལོ་རྒྱུས་སྙན་རྩོམ25དང་། རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ《མ་ཧཱ་བྷ་ར་ཏའི་གཏམ་རྒྱུད》ཁག15དང་། 《མ་ཧ་ཡ་ཎའི་གཏམ་རྒྱུད》དེ་འདྲ3དང་མཚུངས་ཤིང་། གལ་ཏེ་ཡིག་གྲངས་ལྟར་བརྩིས་ན《ཐོག་ཁང་དམར་པོའི་རྨི་ལམ》5དང་མཚུངས་པ་རེད། དེ་ནི་ཧ་ལས་དགོས་པའི་གྲངས་ཀ་ཞིག་ཡིན་པ་རེད།
དེ་དང་དུས་མཚུངས་སུ་གླིང་སྒྲུང་གཅེས་བཏུས་པོད་རེ་རེར་བར་བཅུག་རི་མོ6རེ་བཞག་ཡོད་ཅིང་། བར་བཅུག་རི་མོ་དེ་དག་ལ་བོད་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་ཏེ་ཐང་གའི་འབྲི་ཐབས་བཀོལ་ཡོད་ལ། འཇམ་དཔལ་རྒྱ་མཚོས་བཤད་རྒྱུར། “སྡུད་སྒྲིག་བྱེད་པའི་སྐབས་སུ་ང་ཚོས་བསྒྱུར་བཅོས་དང་གསར་གཏོད་ངེས་ཅན་ཞིག་བྱེད་དགོས་ཤིང་། དེང་རབས་ཀྱི་འདུ་ཤེས་དང་དུས་རབས་ཀྱི་བསམ་བློ་ལྡན་པར་བྱས་ནས། གླིང་གེ་སར་རྒྱལ་པོའི་སྒྲུང་གི་ཕུན་སུམ་ཚོགས་པའི་ནང་དོན་མངོན་པར་སྟོན་དགོས”ཞེས་ཟེར།ལོ་ངོ30ལ་འབད་པ་བྱས་པའི་འབྲས་བུ།
གླིང་སྒྲུང་གཅེས་བཏུས་ཀྱི་རིག་གཞུང་གི་ཆུ་ཚད་ལྡན་པར་ཁག་ཐེག་ཡོང་ཆེད། ལས་གཞིའི་ཚོ་ཆུང་གིས་སྔོན་ཆད་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོའི་བོད་ཀྱི་རིག་གནས་དང་སྲུང་སྐྱོབ་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་ང་ཕོད་ངག་དབང་འཇིགས་མེད། སྔོན་ཆད་ཀྱི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་དམངས་ཁྲོད་རིག་རྩལ་བ་གྲགས་ཅན་ཀྲུང་ཅིན་ཝུན། སྔོན་ཆད་ཀྱི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། བོད་རིག་པ་བ་གྲགས་ཅན་གུང་ཐང་བསྟན་པའི་དབང་ཕྱུག་ཚང་།
སྔོན་ཆད་ཀྱི་བོད་ལྗོངས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཚན་འཛིན་གླིང་གཙོ་དུང་དཀར་བློ་བཟང་འཕྲིན་ལས་ཚང་བཅས་རིག་གཞུང་ཐད་ཀྱི་བློ་འདྲི་ས་བྱས་པ་རེད།
དེ་ལས་ཤེས་ཐུབ་པར་འཚོལ་བསྡུ་ལེགས་སྒྲིག་བྱེད་པའི་བྱ་བའི་གཞི་རྒྱ་ཆེ་ཞིང་དུས་ཡུན་རིང་པ་དང་། ཞུགས་མཁན་གྱི་མི་གྲངས་མང་ཞིང་ཤུགས་རྐྱེན་ཐེབས་ཚད་རྒྱ་ཆེ་བ། གྲུབ་འབྲས་མངོན་གསལ་ལྡན་པ་རེད། དེས་བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་གི་སྟོང་ཆ་ཞིག་བསྐངས་པ་དང་། ཐ་ན་རང་རྒྱལ་གྱི་མི་རིགས་རིག་གནས་དང་དམངས་ཁྲོད་རིག་གནས་འཕེལ་བའི་ལོ་རྒྱུས་སྟེང་དུ་དཀོན་མོ་ཡོད་པ་རེད། འདི་དག་ཚང་མས་རང་རྒྱལ་གྱི་སྲིད་གཞུང་གིས་བོད་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་རྒྱུན་འཛིན་དང་འཕེལ་རྒྱས་གནང་བར་གཙིག་མཐོང་ཆེན་པོ་གནང་བཞིན་པ་རྟོགས་ཐུབ།
སྤྱི་ལོ1983ལོ་ནས་བཟུང་། “དྲུག•ལྔ”དང“བདུན•ལྔ”“བརྒྱད•ལྔ”བཅས་ཀྱི་སྐབས་སུ། འཕྲོ་མཐུད་དེ་གླིང་གེ་སར་རྒྱལ་པོའི་སྒྲུང་འཚོལ་སྡུད་ལེགས་སྒྲིག་དང་རིག་གཞུང་ཞིབ་འཇུག་བྱེད་པ་དེ་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་གི་ལས་གཞི་གལ་ཆེན་དུ་བཞག་ཅིང་། “དགུ•ལྔ”ཡི་དུས་སྐབས་སུ་པོད40ཅན་གྱི་གླིང་སྒྲུང་གཅེས་བཏུས་དེ་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་གལ་ཆེན་དུ་བཞག་པ་མ་ཟད། དེ་ནས་བཟུང་གེ་སར་རྒྱལ་པོའི་སྒྲུང་གི་བྱ་བའི་སྣེ་ཁྲིད་པ་རེད།
སྤྱི་ལོ1988ལོ་དང1990ལོར། སྔ་རྗེས་སུ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅུ་གྲངས་ལྷག་གིས་གྲོས་གཞི་བཏོན་ཏེ། རྒྱལ་ཁབ་ཀྱིས《གླིང་གེ་སར་རྒྱལ་པོའི་སྒྲུང》གི་བྱ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་པ་མ་ཟད། ཆེད་དུ་མ་དངུལ་བཏང་སྟེ《གླིང་གེ་སར་རྒྱལ་པོའི་སྒྲུང》གཅེས་བཏུས་པར་སྐྲུན་བྱས་ཏེ་རྒྱལ་ཁབ་ཀྱི་ཆུ་ཚད་མཚོན་པའི་པར་གཞི་དངོས་མ་འདོན་པའི་བསམ་འཆར་བཏོན་པ་རེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་གྲོས་གཞི་བཏོན་པ་མ་ཟད། 《གླིང་གེ་སར་རྒྱལ་པོའི་སྒྲུང》གི་བྱ་བའི་དོན་དངོས་དང་ཚན་རིག་དང་མཐུན་པར་འཕེལ་བའི་དགོས་མཁོ་ལྟར། འབྲེལ་ཡོད་སྡེ་ཁག་གིས་ཆོག་མཆན་བཀོད་པ་བརྒྱུད། སྤྱི་ལོ1995ལོར་རྣམ་གྲངས་དངོས་སུ་འགོ་ཚུགས་པ་མ་ཟད། རྒྱལ་ཁབ་ནོར་སྲིད་ཀྱི་ཆེད་བཀོལ་མ་དངུལ་གྱི་རོགས་སྐྱོར་ཐོབ་པ་རེད།
ལོ་ངོ་སུམ་ཅུའི་ཁྲོད་དུ་འཚོལ་སྡུད་ལེགས་སྒྲིག་བྱེད་པའི་བྱ་བར་ཕྱིའི་ཤུགས་རྐྱེན་གང་མང་ཐེབས་ནས་མཚམས་འཇོག་དགོས་བྱུང་མྱོང་མོད། འོན་ཀྱང་རྣམ་གྲངས་ཐེངས་དེའི་གཙོ་སྒྲིག་པ་ཡིན་པའི་ཆ་ནས། འཇམ་དཔལ་རྒྱ་མཚོས་འཚོལ་སྡུད་ལེགས་སྒྲིག་ཚོ་ཆུང་ཁྲིད་དེ་དཀའ་ཁག་ཡོད་ཚད་སེལ་ནས། མགོ་མཇུག་བདེ་བླག་ངང་པོད་བཞི་བཅུ་ཅན་གྱི་བོད་ཡིག་གི«གླིང་སྒྲུང་གཅེས་བཏུས»འཚོལ་སྡུད་དང་ལེགས་སྒྲིག་བྱེད་པའི་བྱ་བ་འགྲུབ་པ་རེད།
རང་རྒྱལ་གྱི་དམངས་ཁྲོད་རྩོམ་རིག་གི་སྡེའི་རྒན་རབས་ཏེ་སྐུ་ཞབས་ཀྲུང་ཅིན་ཝུན་ལགས་ཀྱིས་པོད་སྔ་མ4པར་སྐྲུན་བྱེད་སྐབས་དངོས་སུ་ཡི་གེ་བྲིས་ཏེ་གདེང་འཇོག་ཚད་མཐོན་པོ་གནང་ལ། དེ་ནི་རིག་གནས་པའི་སྡེ་ནས་བལྟ་འོས་པའི་དོན་ཆེན་ཞིག་རེད་ཅེས་བསྔགས་བརྗོད་བྱས་ལ། ང་ཕོད་ངག་དབང་འཇིགས་མེད་ལགས་ཀྱིས་པོད་སྔ་མ་བཞི་པར་སྐྲུན་བྱས་པའི་བཞུགས་མོལ་ཚོགས་ཐོག་ནས་བཤད་རྒྱུར། “ང་རང་ཆུང་དུས་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་ཉན་པར་དགའ་ཞིང་། བྱིས་པ་ཚོ་དང་རྩེད་མོ་རྩེད་ནས་བྱིས་པ་མི་རེ་རེས་དེའི་ཁྲོད་ཀྱི་མི་སྣ་རེ་འཁྲབ་པ་དང་ཕན་ཚུན་རྡུང་རེས་བྱེད་པ་ཡིན། དེས་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་རྒྱལ་པོའི་སྒྲུང་དར་ཁྱབ་ཤིན་ཏུ་ཆེ་ཞིང་། ཤུགས་རྐྱེན་ཐེབས་ཚད་ཆེ་བ་དང་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་གསལ་བཤད་བྱས་ཡོད”ཅེས་དང་། “ལས་གཞི་ཚོ་ཆུང་གིས་བོད་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་ལ་སྲུང་སྐྱོབ་དང་དེ་རྒྱུན་འཛིན་གནང་པར་དོན་སྙིང་ལྡན་པའི་ལས་ཀ་ཞིག་བསྒྲུབས་པར་ཐུགས་རྗེ་ཆེ”ཟེར།
མི་ཚེ་གང་བོར《གླིང་གེ་སར་རྒྱལ་པོའི་སྒྲུང》གི་རྩོམ་རིག་ལ་ཞིབ་འཇུག་བྱས་པའི་འཇམ་དཔལ་རྒྱ་མཚོ་ལ་མཚོན་ན། པོད40ཅན་གྱི《གླིང་སྒྲུང་གཅེས་བཏུས》དེ་འཚོལ་བསྡུ་ལེགས་སྒྲིག་བྱས་པ་ནི་བྱ་བའི་མཇུག་རྫོགས་པ་མིན་ལ། ཀློག་པ་པོ་སྔར་ལས་མང་པོ་ཞིག་གིས་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་ཆ་རྒྱུས་ཡོད་ཆེད། ཁོང་གིས་མ་འོངས་པར་གླིང་སྒྲུང་གཅེས་བཏུས་འདི་རྒྱ་ཡིག་དང་དབྱིན་ཡིག་ཏུ་སྒྱུར་ཐུབ་པའི་རེ་བ་བཅངས་བཞིན་ཡོད་ལ། དེ་ནི་ལས་གཞི་ཆེན་པོ་གཞན་ཞིག་ཡིན་པ་རེད།
པེ་ཅིང་གི་སྤྱི་ཟླ11པའི་ཕྱི་དྲོ་ཞིག་ལ། འཇམ་དཔལ་རྒྱ་མཚོས་གསར་འགོད་པར་གླིང་སྒྲུང་གཅེས་བཏུས་ཀྱི་དཔེ་ཆའི་ཁ་རེ་རེ་བཞིན་ཕྱེ་སྐབས། ཁོང་གིས་སེམས་འགུལ་དང་བཅས“ཏན་ཏན་ལོ་ངོ་སུམ་ཅུ་བརྒྱུད་ནས་ལེགས་འགྲུབ་བྱུང་སོང”ཞེས་ལྷོད་ལ་བབས་པའི་སྐད་གདངས་དང་བཅས་དེ་ལྟར་བཤད།
ལོ་ངོ་སུམ་ཅུ་དེའི་རིང་ལ་འཇམ་དཔལ་རྒྱ་མཚོ་ལགས་ཀྱི་དབུ་སྐྲའང་དཀར་པོ་གྱུར་ཞིང་། ལོ་ངོ་སུམ་ཅུའི་ནང་སྐབས་དེར་བྱ་བ་དེ་ལ་ཞུགས་པའི་ཆེད་མཁས་པ་དང་རིག་གནས་བ་གང་མང་ཚེ་ལས་འདས་ཟིན་ཞིང་། གླིང་སྒྲུང་གཅེས་བཏུས་བྱས་རྗེས་ཆེན་པོ་ལྡན་པའི་དམངས་ཁྲོད་སྒྱུ་རྩལ་བ་བགྲེས་སོང་གྲགས་པ་ལགས་དང་བསམ་འགྲུབ་ལགས་གཉིས་ཀྱང1986ལོ་དང2011ལོར་སྐུ་གཤེགས་པ་རེད།
“ཡིད་ཕངས་པ་ཞིག་ལ་ཁོང་རྣམ་པས་ཆེས་གཞུག་མར་པར་སྐྲུན་བྱས་པའི་གླིང་སྒྲུང་གཅེས་བཏུས་དེ་མཐོང་མ་ཐུབ་དེ་ཡིན་ལ། ད་ལྟ་ང་ཚོས་མི་ཡུལ་དང་གྱེས་པའི་ཁོང་ཚོར་བློ་བདེ་བྱོས་ཞེས་བརྗོད་ཆོག་པ་རེད”ཅེས་ཟེར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10