མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-01-16
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས14ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པུར་ཀ་རི་ཡའི་ཙུང་ཐུང་ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་ལ་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་པུར་ཀ་རི་ཡའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་རེ་ལྔའི་རིང་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་བླག་དང་སྐྱོན་བྲལ་བའི་ངང་ནས་འཕེལ་རྒྱས་སུ་སོང་ཡོད། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁྱེད་དང་མཉམ་དུ་ཕྱོགས་གཉིས་ཀྱི་བར་ཁྱོན་ཡོངས་ནས་མཛའ་མཐུན་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་མཛད། ཀྲུང་གོ་དང་པུར་ཀ་རི་ཡ་གཉིས་ཀྱིས་ཐེངས་འདིའི་འབྲེལ་བའི་གོ་སྐབས་དེ་མགོ་རྩོམ་སར་བརྩིས་ཏེ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་བརྗེ་རེས་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།
ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་པུར་ཀ་རི་ཡ་གཉིས་ཀྱིས་ཕན་ཚུན་ལ་མཉམ་ལས་བྱེད་པར་ཁ་གསབ་རང་བཞིན་དྲག་པོ་ལྡན་པ་དང་མདུན་ལྗོངས་ཧ་ཅང་རྒྱ་ཆེན་པོ་ཡོད། ཀྲུང་གོའི་ཕྱོགས་ལ་མྱུར་བགྲོད་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ། ཉིང་རྡུལ་གློག་འདོན། ཆུ་གློག་སོགས་ཁྱབ་ཁོངས་ཀྱི་སྔོན་ཐོན་ལག་རྩལ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས། རང་འགུལ་གྱི་སྒོ་ནས་པུར་ཀ་རི་ཡའི་རྨང་གཞི་རང་བཞིན་གྱི་འཛུགས་སྐྲུན་ཐད་ཞུགས་འདོད་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཞིང་ལས་དང་ཚན་རིག་སློབ་གསོ། གནས་སྐོར་སོགས་ཕྱོགས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་པུར་ཀ་རི་ཡ་ཕྱོགས་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དག་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་གྲུབ་འབྲས་དངོས་འབེབ་བཟང་བོ་བྱས་ནས། སྔར་ལས་བཟང་བའི་སྒོ་ནས་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་ཁྱོན་ཡོངས་ནས་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་ཡིས་བསྟན་དོན། པུར་ཀ་རི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་འདོད་ཡོད་པ་དང་ཀྲུང་གོའི་ཁེ་ལས་པུར་ཀ་རི་ཡར་ཡོང་ནས་རྨང་གཞི་རང་བཞིན་གྱི་འཛུགས་སྐྲུན་སོགས་མཉམ་ལས་སྤེལ་བར་དགའ་བསུ་ཞུ་བཞིན་ཡོད་པར་མ་ཟད། ཡོ་རོབ་གླིང་དང་ཀྲུང་གོའི་བར་གྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10