མཚོ་སྔོན་པོ་དྲ་བ། 2013-11-13
ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་ནུབ་བྱང་མི་རིགས་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་གནང་བ།
ཟླ11པའི་ཚེས8ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་རྒྱལ་སྤྱི་ཁྲུའུ་དང་། ཞིབ་འཇུག་སློབ་མ་ཁྲུའུ་དང་། བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་བཅས་ཀྱིས་ཆོས་ལུགས་རིག་པའི་འབུམ་རམས་པའམ་ཉི་ཧོང་ཨོ་ཐ་ནི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་གདན་དྲངས་ནས་ནུབ་བྱང་མི་རིགས་སློབ་ཆེན་དུ་ནང་བསྟན་རིག་གནས་དང་དེའི་འཕེལ་རྒྱས་སྐོར་གྱི་ཉམས་ཞིབ་ཅེས་པའི་རིག་གཞུང་འཆད་ཁྲིད་གནང་ཞིང་། ཐེངས་འདིའི་རིག་གཞུང་འཆད་ཁྲིད་དེ་ཚེས14ཉིན་བར་དུ་སྤེལ་རྒྱུ་རེད།
ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་རིག་གཞུང་འཆད་ཁྲིད་གནང་བཞིན་པ།
ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་ཆོས་ལུགས་རིག་པའི་འབུམ་རམས་པ། ཉི་ཧོང་ཨོ་ཐ་ནི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་། ཉི་ཧོང་ཁྲེན་ཐེན་ནང་བསྟན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཆེན་མོ། ཉི་ཧོང་མེང་ཀོའུ་སློབ་ཆེན་དང་། ཁྱོ་ཐོ་སློབ་ཆེན། ཁྱོ་ཐོ་ཕྱིའི་སྐད་ཡིག་སློབ་ཆེན་སོགས་སློབ་ཆེན་བཅུ་གཉིས་ཀྱི་གདན་ཞུའི་སློབ་དཔོན་ཆེན་མོའི་འགན་གཅིག་ལྕོག་ཏུ་བཞེས་ཡོད། ནང་བསྟན་ཆོས་གཞུང་སྤྱི་དང་། སྒོས་སུ་ནང་བསྟན་ཆོས་གཞུང་དཔྱད་སྡུར་རིག་པའི་ཕྱོགས་ལ་དཔྱད་འབྲས་འབུར་དུ་ཐོན་པས་ཉི་ཧོང་གི་བོད་རིག་པའི་ཡབ་ཆེན་ཏུ་གྲགས། ཁོང་གི་གསུང་རྩོམ་ལ། ཆོས་མངོན་པ་དང་འབྲེལ་བའི་སྤྱི་བཤད་འགྲེལ་པ་མངོན་པའི་རྒྱན་གྱི་རྒྱན་དང་། བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན། རྗེ་ཙོང་ཁ་བའི་ལམ་རིམ་ཆེན་མོའི་ལུང་ཁུངས་གསལ་བྱེད་ཉི་མ། རྣལ་འབྱོར་སྤྱོད་པ་དང་དབུ་མ་པའི་ལྟ་གྲུབ་དཀའ་གནད་ཕྱོགས་སྡོམ་སོགས་པོད་ཉེར་ལྔ་ལྷག་དང་། སྒྱུར་སྒྲིག་གནང་པ་ལ། རྗེ་རྩོང་ཁ་བའི་ཀུན་གཞི་དཀའ་འགྲེལ་སྐད་གཉིས་ཤན་སྦྱར་དང་། རྗེ་ཙོང་ཁ་བའི་རྟོགས་བརྗོད་འདུན་ལེགས་མ་སྐད་གཉིས་ཤན་སྦྱར། ལམ་རིམ་རྣམ་གསུམ་སྐད་གཉིས་ཤན་སྦྱར་སོགས་པོད་སུམ་ཅུར་ལོངས་པ་ཡོད་དོ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10