མཚོ་སྔོན་པོ་དྲ་བ། 2013-06-26
ཟླ6པའི་ཚེས19ནས་ཚེས22བར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐལ་བཟང་མེ་ཏོག་གི་རྩོམ་རིག་གླེང་སྟེགས་བསྡུས།
ཟླ6པའི་ཚེས19ནས་ཚེས22བར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རིག་རྩལ་གཞུང་ལུགས་ཞིབ་འཇུག་ཁང་། ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྐལ་བཟང་མེ་ཏོག་གི་རྩོམ་རིག་གླེང་སྟེགས་རྒྱལ་ཁབA4རིམ་པའི་མཛེས་ལྗོངས་ཁུལ་ཏེ་ཀན་ལྷོ་ཁུལ་བཱ་ཙེ་རྫོང་ཡེ་ལི་ཀོན་དུ་སྤེལ་ཞིང་། ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་ནས་ཡོང་བའི་ཤེས་ཡོན་པ་དང་རྩོམ་པ་པོ། སྙན་ངག་པ་བཅས་མི60ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
སྐལ་བཟང་མེ་ཏོག་གི་རྩོམ་རིག་གླེང་སྟེགས་འདི་ནི་གཙོ་ཆེར་ཀན་ལྷོའི་རྩོམ་རིག་གསར་རྩོམ་གྱི་གནས་ཚུལ་ལ་དོ་སྣང་དང་ཀན་ལྷོའི་རྩོམ་རིག་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་སྒྲིག་བྱེད་པ་བཅས་བྱས་ཏེ། ཀན་ལྷོའི་རྩོམ་རིག་འཕེལ་རྒྱས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་སོ་སོའི་བསམ་ཚུལ་བརྗོད་ནས་ཀན་ལྷོའི་རྩོམ་རིག་འཕེལ་རྒྱས་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་བ་ཡིན། ཞིང་ཆེན་དང་ཁུལ་གྱི་ཤེས་ཡོན་པ་དང་རྩོམ་པ་པོ། སྙན་ངག་པ་བཅས་སོ་སོས་གཏམ་བཤད་གནང་སྟེ་ཀན་ལྷོའི་རྩོམ་རིག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཕྱིར་དྲན་དང་ད་ལྟའི་བར་བླངས་པའི་གྲུབ་འབྲས་ཀྱི་ཐད་ནས་སྤྱི་བསྡོམས་མཛད་པ་དང་། མིག་སྔར་གྱི་དཀའ་ཁག་དང་མི་འདང་བའི་ཆ། དེ་མིན་མ་འོངས་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཅས་ཐད་ནས་ལྟ་ཚུལ་ལྷུག་པོར་བཏོན།
མཐར་ཚང་མས་གཅིག་མཐུན་གྱི་འདོད་ཚུལ་ལྟར་ན། གཅིག་ནས་ཀན་ལྷོའི་རྩོམ་རིག་ཐད་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་རྩ་བའི་ལམ་ཕྱོགས་རྒྱུན་འཁྱོངས་སྒོས་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་ལག་བསྟར་བྱེད་དགོས་པ། གཉིས་ནས་ཀན་ལྷོའི་རྩོམ་རིག་ལ་མི་རིགས་ཀྱི་རིག་གནས་གཏིང་ཟབ་སྒོས་སྔོག་འདོན་བྱས་ཏེ་རྩོམ་རིག་གི་མཚན་རྟགས་ལེགས་པོ་བསྐྲུན་པ། གསུམ་ནས་ཀན་ལྷོའི་རྩོམ་རིག་འཚོ་བ་དང་སྦྲེལ་ཞིང་། དཀའ་སྤྱད་ཀྱིས་གསར་རྩོམ་བྱས་ཏེ་རྩོམ་རིག་གི་ཉིང་བཅུད་བསྐྲུན་དགོས་པ་བཅས་ཡིན།
ལོ་འཁོར་དྲུག་ཅུའི་རིང་། ཀན་ལྷོའི་རྩོམ་པ་པོ་དང་སྙན་ངག་པ་རྣམས་ཀྱི་བརྩམས་ཆོས་རྒྱལ་ནང་གི་དུས་དེབ100ལྷག་གི་སྟེང་དུ་བཀོད་མྱོང་ཞིང་། རྩོམ་པ་པོ་དང་སྙན་ངག་པ་ཁ་ཤས་ཀྱི་རྩོམ་རིག་བརྩམས་ཆོས་ནི་དབྱིན་ཡིག་སོགས་ཡིག་རིགས་གཞན་གྱི་ལམ་ནས་པར་བསྐྲུན་བྱས་ཡོད་ལ། དེར་མ་ཟད་རྒྱལ་ནང་གི་གལ་ཆེའི་མིང་གྲགས་རྩོམ་རིག་དུས་དེབ་དང་དབང་གྲགས་ཅན་གྱི་དཔེ་དེབ་ཏུ་འོས་སྦྱོར་བྱས། ཀན་ལྷོའི་རྩོམ་པ་པོ་དང་སྙན་ངག་པའི་རྩོམ་རིག་བརྩམས་ཆོས70ལྷག་པར་བསྐྲུན་གནང་ཡོད་པ་དང་། རིགས་སོ་སོའི་རྩོམ་རིག་བྱ་དགའི་རྣམ་གྲངས300ཙམ་བཅས་བླངས་མྱོང་ལ། ཕྱོགས་ཡོངས་ནས་ཀན་ལྷོའི་རྩོམ་རིག་གི་ཤན་ཤུགས་དང་རྩོམ་པ་པོ་དང་སྙན་ངག་པ་རྣམས་ཀྱི་དངོས་ཤུགས་དྲག་པོ་མངོན་པར་མཚོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10