ཞི་ཅིན་ཕེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་བྱ་བའི་གྲོས་ཚོགས་སྟེང་གསུངས་བཤད་གལ་ཆེན་གནང་བ།

ཀླུ་འབུམ་བྱམས།    ཞིན་ཧྭ་གསར་འགྱུར་དྲ་བ།    2013-06-20

ཞི་ཅིན་ཕེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་བྱ་བའི་གྲོས་ཚོགས་སྟེང་གསུངས་བཤད་གལ་
ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་བྱ་བའི་གྲོས་ཚོགས་སྟེང་གསུངས་བཤད་གལ་ཆེན་གནང་།

ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་བྱ་བའི་གྲོས་ཚོགས་དེ་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་སྟེ། ཏང་ཡོངས་སུ་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བར་བཀོད་སྒྲིག་བྱས། ཁོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་སློབ་གསོའི་བྱ་འགུལ་སྤེལ་རྒྱུ་ནི། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གཏན་ལ་ཕབ་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་བླང་བྱ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་རྣམ་དག་རང་བཞིན་སྲུང་འཛིན་བྱེད་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་དང་སྲིད་སྐྱོང་གོ་གནས་ཇེ་བརྟན་དུ་གཏོང་བའི་དགོས་ངེས་བླང་བྱ་ཡིན་ལ། མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་གཙོ་བོ་ཐག་གཅོད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པས། ཏང་ཡོངས་ཀྱི་བློ་མཐུན་རྣམས་ཧུར་ཐག་གིས་བྱ་འགུལ་དེའི་ཁྲོད་དུ་ཞུགས་དགོས་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། མང་ཚོགས་ ཡིད་ཚིམ་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཚོགས་འདུ་ནི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་ཚུལ་དུ་ཚོགས་པ་རེད།
ཞི་ཅིན་ཕེན་གྱིས་མང་ཚོགས་ལམ་ཕྱོགས་ནི་རང་རེའི་ཏང་གི་ཚེ་སྲོག་ལྟ་བུ་དང་གཞི་རྩའི་བྱ་བའི་ལམ་ཕྱོགས་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གཏན་ལ་ཕབ་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན། ཅིས་ཀྱང་མི་དམངས་ལ་བརྟེན་དགོས་པ་དང་། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་བརྩོན་སེམས་དང་རང་རྟོགས་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་རྒྱུ་ནི། ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་བློ་སེམས་རྩེ་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་འབེན་ཡིད་ལ་དམ་པོར་འཛིན་པ་དང་དེ་བརྩི་སྲུང་བྱེད་པ། སྤྱོད་ཚུལ་བཟང་བོར་བརྟེན་ནས་མི་དམངས་དང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་སྟེང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕེན་གྱིས་ཐེངས་འདིའི་སློབ་གསོའི་ལག་ལེན་བྱ་འགུལ་གྱི་ལས་འགན་གཙོ་བོ་ནི་སྤྱོད་ཚུལ་འཛུགས་སྐྲུན་ཡིན་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། རྒྱས་སྤྲས་བཅས་ཀྱི་སྤྱོད་ངན་བཞིའི་གནད་དོན་གཅིག་བསྡུས་ཀྱིས་ཐག་གཅོད་དགོས། སྤྱོད་ངན་བཞི་བོ་དེ་རང་རེའི་ཏང་གི་ངོ་བོ་དང་དམིགས་འབེན་དང་རྒྱབ་འགལ་བྱས་ཡོད་པས། ད་ལྟ་མང་ཚོགས་རྣམས་ཡིད་སྐྱོ་བའི་གནས་དང་། བསམ་འཆར་ཧ་ཅང་མང་བའི་གནད་དོན་ཡིན་ལ། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བར་གནོད་སྐྱེལ་བའི་རྒྱུ་རྐྱེན་གཙོ་བོའང་རེད། སྤྱོད་ངན་བཞིའི་གནད་དོན་ཐག་གཅོད་བཟང་བོ་བྱས་ན། ཏང་ནང་ཁུལ་གྱི་གནད་དོན་གཞན་དག་ཐག་གཅོད་པར་ཡང་མཐུན་རྐྱེད་ལྡན་ཞེས་ནན་གྱིས་བསྟན་པར་མ་ཟད། རིམ་པ་ཁག་གི་ཏང་ཨུ་ཡིས་འགན་འཁྲིའི་བསམ་པ་དང་དགོས་གཏུག་ཆེ་བའི་བསམ་པ་ཇེ་དྲག་ཏུ་བཏང་ནས། སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ལེགས་པོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་དགུ་ཚིགས་གཉིས་པ་རྟགས་ཅན་གྱི་རིམ་འདས་རྩིས་འཁོར་མ་ལག་ལེགས་འགྲུབ་བྱུང་བའི་ཐད་མཆན་བཀོད་མ
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའ
  • དོ་སྣང་ཆེ་བའི་རྩོམ།