མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-05-10
ཚོགས་ཐོག་ནས་ད་ལོར་རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་སྤྱིར་བརྟན་བརླིང་ཡིན་མོད། འོན་ཀྱང་ཞིང་ལས་འཕེལ་རྒྱས་ཐད་ཀྱི་དཀའ་ཁག་སྔར་བཞིན་ཅུང་ཆེ་བ་དང་། བྱང་ཤར་ས་ཁུལ་གྱི་ཞིང་སར་བརླན་ཆེ་བ་དང་། ནུབ་བྱང་དང་ནུབ་ལྷོ་སོགས་ས་ཁུལ་གྱི་ཐན་པའི་གནས་ཚུལ་རྩ་བ་ནས་སེལ་ཐུབ་མེད་པ། ཕག་གི་རིན་གོང་མར་ལྷུང་བ་དང་། སྐམས་ཤ་དང་ལུག་ཤ་དཀོན་པ། ཁྱད་པར་དུ་མི་ལ་འགོས་པའི་བྱ་ནད་ལས་ཁྱིམ་བྱའི་ཐོན་ལས་ལ་གྱོང་གུད་ཚབས་ཆེན་ཐེབས་པ་དང་། སི་ཁྲོན་ལུའུ་ཧྲན་གྱི་བཞི་བའི་ཉི་ཤུའི་ས་འགུལ་དྲག་པོས་ཀྱང་ས་དེའི་ཞིང་ལས་ཐོན་སྐྱེད་ལ་གནོད་པ་ཅུང་ཆེན་པོ་བཟོས་པས། དཀའ་ཁག་དང་འགྲན་རྩོད་དེ་དག་ལ་ཁ་གཏད་ལེགས་པོ་འཇལ་བ་དང་། ཞིང་ལས་ཐོན་རྫས་མཁོ་འདོན་དང་དངོས་གོང་འཕར་ཆག་ཆེན་པོ་འབྱུང་བར་སྔོན་འགོག་བྱེད་རྒྱུ་དེ། དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་ངང་གོང་དུ་སྤེལ་བ་དང་། ཞིང་བའི་ཡོང་འབབ་ཇེ་མང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པར་འདོད།
ཚོགས་ཐོག་ཏུ་གཅིག་ནས་ཞིང་རྨོ་བའི་དུས་སྐབས་དམ་འཛིན་བྱས་ཏེ་དཔྱིད་འདེབས་དང་དཔྱིད་ཀའི་ཞིང་ཁའི་དོ་དམ་ལེགས་པོར་སྒྲུབ་རྒྱུ་དང་། གཉིས་ནས་གཞི་ཁྱོན་ཅན་གྱི་ཕག་གསོ་བའི་རོགས་སྐྱོར་སྲིད་ཇུས་མུ་མཐུད་དུ་དངོས་འབེབས་བྱེད་པ། གསུམ་ནས་ཚད་ལྡན་ཅན་གྱི་སྐམས་ལུག་གསོ་སའི་རྨང་གཞིའི་སྒྲིག་ཆས་བསྐྲུན་པར་རྒྱབ་སྐྱོར་བྱེད་པ། བཞི་ནས་ནུས་ཤུགས་ཡོད་རྒུ་བཏོན་ནས་མི་ལ་འགོས་པའི་བྱ་ནད་འགོག་བཅོས་བྱ་བ་ལེགས་པོར་སྒྲུབ་པ། ལྔ་ནས་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་གྱི་ཞིང་ལས་ཐོན་སྐྱེད་མྱུར་དུ་སླར་གསོ་བྱེད་དགོས་ཞེས་བསྟན།
ཚོགས་ཐོག་ནས་ས་གནས་ཁག་དང་སྡེ་ཁག་སོ་སོས་ཡུལ་བབ་ལ་བསྟུན་པ་དང་། རིགས་ལམ་གསར་བར་བརྟེན་ནས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོ་ཐོན་སྐྱེད་བྱེད་པར་དམ་འཛིན་བྱེད་པ་དང་། ཁྲོམ་རའི་མཁོ་འདོན་ལ་འགན་སྲུང་དང་། དངུལ་ལོར་ཚོད་མེད་དུ་འགྲེམ་པར་སྔོན་འགོག ཞིང་བའི་ཡོང་འབབ་ཇེ་མང་དུ་གཏོང་བར་ཡར་སྐུལ་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་མཐུན་རྐྱེན་བསྐྲུན་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10