ལྷོ་ནུབ་ས་ཁུལ་གྱི་མཐོ་རིམ་སློབ་ཆེན་སློབ་མའི་གཙོད་བུམ་པ་རྟགས་ཅན་གྱི་རྐང་གྲུག་འགྲན་ཚོགས་སྤེལ།

ཀླུ་ཚང་བྱམས་པ་ཚེ་རིང་།    མཚོ་སྔོན་པོ་དྲ་བ།    2013-10-08

ཆུ་འགོ་གངས་ཞེས་པའི་དཔེ་ལྟར། སྤོ་ལོ(ball)ཡང་ཐོག་མར་བོད་ཡུལ་དུ་དར་ཞིང་རིམ་བཞིན་བོད་ནས་འཛམ་གླིང་ཅན་ལ་ཁ་ཕྱོགས་པ་ཞིག་ཡིན་ལ། ད་ལྟ་ཁ་ཕྱིར་འཁོར་ནས་སླར་ཡང་བོད་ཡུལ་དུ་བསྐྱར་དར་བྱུང་དུས་སུ། ང་ཚོ་སྟེ་བོད་རིགས་ན་གཞོན་རྣམས་ཀྱིས་ཀྱང་འདི་ལྟ་བུའི་ཐུན་མིན་གྱི་རིག་གནས་དག་མདོ་དབུས་མཐོ་གཞོངས་ཀྱི་པང་ནས་མེ་རོ་བཞིན་གསོ་དགོས་པའི་བློ་སྤོབས་ཀྱིས་ཀུན་ནས་བསླངས་དགོས་ལ་བསླང་ངེས་ཀྱང་རེད། དེར་བརྟེན་ད་རེས་ཀྱང་འདི་ལྟ་བུའི་དམིགས་འབེན་དང་ཆོད་སེམས་གཞིར་བཟུང་སྟེ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གིས་གཙོ་སྒྲུབ་དང་སྒྲོན་སྟེགས་རྩོམ་རིག་ཚོགས་པས་རོགས་སྒྲུབ་བྱས་འོག ལྷོ་ནུབ་ས་ཁུལ་གྱི་མཐོ་རིམ་སློབ་ཆེན་སློབ་མའི་གཙོད་བུམ་པ་རྟགས་ཅན་གྱི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་སྐབས་བརྒྱད་པ་དེ་ཉེ་ལམ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་བའི་ལྷོ་ཁུལ་ལུས་རྩལ་ར་བ་ནས་བསྡུས།
        ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་དང་། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན། སི་ཁྲོན་སློབ་ཆེན། ཁྲི་འདུ་ལུས་རྩལ་སློབ་གླིང་། ལྷོ་ནུབ་གློག་རྡུལ་ཚན་རྩལ་སློབ་ཆེན། ལྷོ་ནུབ་ནོར་སྲིད་སློབ་ཆེན། རིག་གནས་ཐོན་སྐྱེད་སློབ་གླིང་སོགས་ལྷོ་ནུབ་ས་ཁུལ་གྱི་སློབ་ཆེན་བཅུ་ལྷག་ནས་ཐོན་པའི་བོད་རིགས་ལུས་རྩལ་པ་རྣམས་ཐེངས་འདིའི་ལུས་རྩལ་འགྲན་བསྡུར་ལ་ཞུགས་ཏེ་མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པ་ཞེས་པའི་ཀུན་སློང་དང་མཐུན་སྒྲིལ་གྱིས་ཉིན་བཞི་ལྷག་གི་རིང་ལ་འགྲན་བསྡུར་བྱས་མཐར། ལྷོ་ནུབ་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི་ལུས་རྩལ་པས་གསེར་གྱི་རྟགས་མ་བླངས་ཤིང་། ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ལུས་རྩལ་པས་དངུལ་གྱི་རྟགས་མ་བླངས། ལྷོ་ནུབ་གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་ལུས་རྩལ་པས་ཟངས་ཀྱི་རྟགས་མ་བླངས་པ་དང་། གཞན་ཡང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་སྦྲ་ནག་རུ་ཁག་རྒྱ་མཚོ་ལ་ཕུལ་བྱུང་མི་སྣའི་བྱ་དགའ་དང་། ལྷོ་ནུབ་གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་ལུང་རྟོགས་ལ་ཕུལ་བྱུང་ལུས་རྩལ་པའི་བྱ་དགའ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་ལྗོངས་རུ་ཁག་ལ་ཕུལ་བྱུང་རུ་ཁག་གི་བྱ་དགའ་གནང་སྟེ།  ཟླ10པའི་ཚེས2ཉིན་གྱི་ཕྱི་དྲོར་རྒྱལ་ཁའི་མཇུག་སྒྲིལ་བ་རེད།
  • ལེ་ཚན་སྔོན་མ།:ཧི་མ་ལའི་རིག་མཛོད་དྲ་ཚིགས་དངོས་སུ་ཤར་གཏོང་བྱས་པ།
  • ལེ་ཚན་རྗེས་མ།:ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཐེན་ཅིན་གྲོང་ཁྱེར་ནས་ཚོགས་མགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།