བདེ་ཆེན་མཚོ། 2013-02-28
ལོ་བརྒྱའི་ཀྲུང་གོའི་ཚད་མ་རིག་པའི་ཞིབ་འཇུག་གི་འགོ་རྩོམ་མཐའ་དཔྱོད་ཚོགས་འདུ་བསྡུ་བའི་ཡུལ་དངོས།
ཉེ་སྔོན། 2012ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་སྒྲུབ་འགན་སྤྲད་པའི་ལས་གཞི་གཙོ་བོ་སྟེ་ལོ་བརྒྱའི་ཀྲུང་གོའི་ཚད་མ་རིག་པའི་ཞིབ་འཇུག་གི་འགོ་རྩོམ་མཐའ་དཔྱོད་ཚོགས་འདུ་དེ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་བསྡུས་པ་རེད། ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་གི་གླིང་གཙོ་བན་གོ་ལགས་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོར་ཞི་ལགས། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བསྟན་འཛིན་ལགས་སོགས་པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཧྲན་ཏུང་ནས་ཡོང་བའི་འབྲེལ་ཡོད་ཀྱི་ཆེད་མཁས་རྣམས་ཚོགས་འདུའི་སྟེང་ཞུགས་པ་རེད།
མཐའ་དཔྱོད་ཚོགས་འདུའི་སྟེང་ལོ་བརྒྱའི་ཀྲུང་གོའི་ཚད་མ་རིག་པའི་ཞིབ་འཇུག་གི་དབུ་བཞུགས་ཆེད་མཁས་སམ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་ཚད་མ་རིག་པའི་རིག་གཞུང་འགན་འཁུར་བ་ལིའུ་ཕེ་ལགས་ཀྱིས་ལོ་བརྒྱའི་ཀྲུང་གོའི་ཚད་མ་རིག་པའི་ཞིབ་འཇུག་དེ་ཇུས་འགོད་བྱས་པ་ནས་སྒྲུབ་འགན་དང་ལེན་བྱེད་པར་བདམས་ཐོན་བྱུང་བའི་བརྒྱུད་རིམ་གསལ་བསྒྲགས་བྱས་ཤིང་། ཁོང་གིས་དཔྱད་གཞི་ཚན་ཆུང་གི་ཁོངས་མི་རྣམས་ཀྱིས་དཔྱད་གཞི་འདིའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ལེགས་པོ་བྱས་ནས་འགན་འཁྲི་ཆེན་པོ་དང་རིག་གཞུང་ཞིབ་འཇུག་གི་སྤྲོ་བ་ཆེན་པོས་དཔྱད་གཞི་འདི་ལེགས་འགྲུབ་འབྱུང་བར་ཧུར་ཐག་བྱེད་དགོས་པའི་རེ་བ་བཏོན་པ་རེད། གླིང་གཙོ་བན་གོ་ལགས་ཀྱིས་ལོ་བརྒྱའི་ཀྲུང་གོའི་བོད་བརྒྱུད་ཚད་མ་རིག་པ་ཞིབ་འཇུག་བྱེད་པའི་རིག་གཞུང་གི་རིན་ཐང་དང་མངོན་གསལ་གྱི་དོན་སྙིང་གལ་ཆེན་གསལ་བོར་འགྲེལ་ཐོག བོད་བརྒྱུད་ཚད་མ་རིག་པའི་ཇུས་འགོད་རིགས་ལམ་དང་བྱེ་བྲག་གི་ལག་བསྟར་འཆར་གཞི་སོགས་བརྗོད་པ་རེད།
ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་བོད་རྒྱ་ཚད་མ་རིག་པའི་ཐ་སྙད་ཀྱི་མ་ལག་བསྐྲུན་པ་དང་བོད་ཀྱི་ཚད་མའི་མཚན་ཉིད་རིག་པའི་དོན་སྙིང་འཚོལ་ཞིབ་བྱེད་པ། རིག་པའི་ཐལ་འགྱུར་ལུགས་ཀྱི་ཁྱད་ཆོས་གསེད་བཀྲོལ་བྱེད་པ་སོགས་ཀྱི་ཐད་ནས་ལོ་བརྒྱའི་ཀྲུང་གོའི་བོད་བརྒྱུད་ཚད་མ་རིག་པ་ཞིབ་འཇུག་བྱེད་པའི་ངོས་ཟིན་བརྗོད་པ་རེད།
ཚོགས་ཐོག་ཏུ་ཞུགས་པའི་དཔྱད་གཞི་ཚན་ཆུང་གི་ཁོངས་མི་རྣམས་ཀྱིས་སྒྲུབ་འགན་སྤྲོད་པའི་ཡི་གེ་ལ་རྒྱུས་ལོན་གཏིང་ཟབ་བྱས་པའི་རྨང་གཞིའི་སྟེང་། དཔྱད་གཞིའི་སྤྱིའི་རིགས་ལམ་དང་ཞིབ་འཇུག་གི་སྤྱི་ཁོག ཡན་ལག་དཔྱད་གཞིའི་གནད་དོན་གལ་ཆེན་སོགས་ཀྱི་ཐད་རྩད་སྡུར་རྒྱ་ཆེན་པོ་བྱས་ནས་གཅིག་གྱུར་གྱི་ལྟ་བ་གྲུབ་ཅིང་། ཚོགས་འདུའི་སྟེང་ཡན་ལག་དཔྱད་གཞིའི་འགན་འཁུར་བ་རྣམས་ཀྱིས་དཔྱད་གཞིའི་སྤྱིའི་འཆར་བཀོད་ལྟར་ཟླ་ཕྱེད་ཀྱི་རྗེས་སུ་ཡན་ལག་དཔྱད་གཞི་ལ་ཞིབ་འཇུག་བྱེད་པའི་བྱེ་བྲག་གི་འཆར་གཞི་ལེགས་འགྲུབ་འབྱུང་དགོས་པའི་ཐག་བཅད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10