བོད་ལྗོངས་འདམ་གཞུང་རྫོང་གིས་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པ།
བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2013-02-25
ཉེ་བའི་ལོ་ནང་། བོད་ལྗོངས་ནག་ཆུ་ས་ཁུལ་འདམ་གཞུང་རྫོང་གིས་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་ལེགས་པོ་བྱས་ནས་གྲུབ་འབྲས་མངོན་གསལ་ཐོན་པ་སྟེ། མིག་སྔའི་བར་དུ་རྫོང་འདིར་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་ཆོས་རིགས་ཆེ་ཤོས་གསུམ་དང་ཁག་བཞི(འདམ་སྤྱི་རིམ་རྟ་རྒྱུག་འགྲན་ཚོགས་དང་སྦྲ་ནག འདམ་གཞུང་གི་སྐོར་བྲོ། པང་གདན།)ཡོད་པ་རེད།
རྒྱུས་ལོན་པ་ལྟར་ན་འདམ་སྤྱི་རིམ་རྟ་རྒྱུག་འགྲན་ཚོགས་དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་སྐོར་ཐེངས་གཉིས་པའི་ཁྲོད་ཚུད་པ་དང་། སྦྲ་ནག་དེ་ལྷ་ས་གྲོང་ཁྱེར་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་རུ་ཚུད། འདམ་གཞུང་གི་སྐོར་བྲོ་དང་པང་གདན་གཉིས་རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་རུ་ཚུད་པ་རེད།
དེའི་མཚུངས་སུ་རྫོང་འདིའི་འགྲེམ་སྟོན་ཁང་གིས་འདམ་སྤྱི་རིམ་རྟ་རྒྱུག་འགྲན་ཚོགས་དང་སྦྲ་ནག་བཟོ་བའི་ནུས་རྩལ་བརྗོད་གཞིར་བྱས་ནས་དྲིལ་སྒྲོག་དང་སྲུང་སྐྱོབ་བྱས་ཤིང་། ལོ་གཉིས་ཀྱི་རིང་ལ་འདམ་སྤྱི་རིམ་རྟ་རྒྱུག་འགྲན་ཚོགས་དང་སྦྲ་ནག་བཟོ་བའི་ནུས་རྩལ་སོགས་ཀྱི་མཛེས་རིས་དང་ཡིག་ཆ61ལྷག་བསྡུ་ཉར་བྱས་ཡོད་པ་རེད།